མི་རིགས་མཐུན་སྒྲིལ་ནི་བྱ་བ་ཆུང་ངུ་ནས་འགོ་བརྩམས་ཏེ་བསྒྲུབ་དགོས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། མི་རིགས་མཐུན་སྒྲིལ་མེད་ན་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་དཔལ་འབྱོར་གྱི་འཕེལ་རྒྱས་ཡོང་མི་སྲིད་ལ།
སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱ་རྒྱུ་ནི་དེ་བས་གླེང་ཐབས་བྲལ་བ་ཞིག་རེད། “མཐུན་ན་མཉམ་དར། མི་མཐུན་མཉམ་རྒུད”ཅེས་པ་ལྟར་མི་རིགས་མཐུན་སྒྲིལ་ནི་ངེས་པར་དུ་གནམ་ས་སྒུལ་བའི་དོན་ཆེན་སྒྲུབ་དགོས་པ་ཞིག་མ་ཡིན་པར་བྱ་བ་ཆུང་ངུ་ནས་འགོ་རྩོམ་དགོས་པ་དང་།
རྒྱུན་གཏན་གྱི་འཚོ་བ་དང་ལས་ཀའི་ཁྲོད་ནས་བརྩེ་བ་དངོས་མཚོན་པ་བྱེད་དགོས། མི་རིགས་མི་གཅིག་པར་རང་རང་གི་སྐད་རིགས་དང་། ཡུལ་སྲོལ་གོམས་གཤིས། མི་རིགས་ཀྱི་རིག་གནས་སོགས་མི་འདྲ་བ་ལྡན་ཡོད།
དེར་བརྟེན། ང་ཚོས་མི་རིགས་ཁག་གི་ཡུལ་སྲོལ་གོམས་གཤིས་དང་མི་རིགས་ཀྱི་རིག་གནས་ལ་ཕན་ཚུན་བརྩི་བཀུར་བྱེད་དགོས་པ་དང་།
ཁྱད་ཆོས་ལ་བརྩི་འཇོག་བྱེད་པ། ཕན་ཚུན་ཡིད་ཆེས་བྱེད་པ། གནད་དོན་ལ་འཕྲད་སྐབས་ང་རྒྱལ་མི་བྱེད་པར་འབྲེལ་འདྲིས་མང་ཙམ་བྱེད་དགོས།
མི་རིགས་མི་གཅིག་པའི་གྲོང་པ་ཁྱིམ་མཚེས་དབར་ཕན་ཚུན་ཟ་འཐུང་གི་འགྲོ་འོང་བྱེད་པ་དང་ཁོམ་པའི་སྐབས་སུ་མཉམ་དུ་ཅི་འཕྲོས་མོལ་འཕྲོས་དང་བྲེལ་བའི་སྐབས་སུ་ཕན་ཚུན་རོགས་རམ་བྱེད་པ།
དུས་ཆེན་སོགས་དགའ་གཏོང་བྱེད་སྐབས་ཕན་ཚུན་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་ཞུ་བ་བཅས་ནི་མི་རྣམས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་མཐོང་སླ་བའི་མི་རིགས་མཐུན་སྒྲིལ་གྱི་ཞིབ་ཕྲའི་གནས་ཚུལ་ཞིག་རེད། “བརྩེ་སེམས་ཟབ་མོ་ཉ་ཆུ་ལས་ཀྱང་ལྷག”ཅེས་པ་ལྟར་མི་རིགས་མཐུན་སྒྲིལ་ནི་མཁའ་རླུང་དང་ཉི་འོད་བཞིན་སྔ་ས་ནས་ང་ཚོའི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད།
ང་ཚོས་མི་རིགས་མཐུན་སྒྲིལ་དེ་རྒྱུན་གཏན་གྱི་གཏམ་སྤྱོད་དང་འདྲེས་པར་བྱས་ཏེ་གོམས་གཤིས་ཤིག་ཏུ་བརྩིས་ནས་གསོ་སྐྱོང་བྱེད་པ་དང་།
དད་སེམས་ཤིག་ཏུ་བརྩིས་ནས་དམ་སྲུང་བྱེད་པ། འགན་འཁྲི་ཞིག་ཏུ་བརྩིས་ནས་དོན་གཉེར་བཅས་བྱས་ཏེ།
མི་རིགས་མཐུན་སྒྲིལ་གྱི“སྤྱི་ཚོགས་ཀྱི་ཕྲ་ཕུང”འཁྲུག་པོར་གཏོང་བ་དང་། མི་རིགས་མཐུན་སྒྲིལ་གྱི་བརྩེ་དུང་རྨང་གཞི་དང་སྤྱི་ཚོགས་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། རྒྱུན་གཏན་གྱི་འཚོ་བའི་ཁྲོད། ང་ཚོས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་ཅིང་།
མི་རིགས་མཐུན་སྒྲིལ་ལ་གནོད་པའི་གཏམ་བརྗོད་ལ་རང་རྟོགས་ཀྱིས་བཀག་འགོག་བྱེད་དགོས། མི་རིགས་མཐུན་སྒྲིལ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་རིག་པ་དྭངས་གསལ་གྱི་སྒོ་ནས་ཡིན་མིན་གསལ་འབྱེད་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཟངས་གྱང་ལྕགས་རྩིག་ཅིག་ཆགས་པ་བྱེད་དགོས། “བོད་རིགས་དང་རྒྱ་རིགས་ནི་ཨ་མ་གཅིག་གི་བུ་མོ་རེད། ང་ཚོའི་ཨ་མའི་མིང་ལ་ཀྲུང་གོ་ཟེར”ཞེས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ནི་ཉིན་ལྟར་གངས་ལྗོངས་ས་མཐོའི་ཐོག་འཁྲབ་སྟོན་བྱེད་བཞིན་ཡོད།
ཉ་ཆུ་ལྟ་བུའི་བརྩེ་སེམས་ལས་བོད་ཀྱི་སྤྱི་ཚོགས་སྔར་བས་འཆམ་མཐུན་བརྟན་ལྷིང་དང་མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་ངེས་རེད།
དེར་བརྟེན། དུས་ནམ་ཞིག་ལའང་ང་ཚོ་ཚང་མས་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས་པ་དང་།
བྱ་བ་ཆུང་ངུ་ནས་འགོ་འཛུགས་པ་དང་ཞིབ་ཕྲའི་ཐོག་ནས་དམ་འཛིན་བྱས་ཏེ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་མཁན་གྱི་ལག་ལེན་པ་ཞིག་བྱེད་དགོས།