གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྟེ་སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བཅོས་སྒྱུར་ཁྲོད་ཀྱི“མཚོ་སྔོན་དཔེ་དབྱིབས”།
发布时间:2024年12月18日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོའི་ཟླ10པ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བཙུགས་ནས་ལོ་འཁོར་གསུམ་ལོན་པའི་ལོ་ཡིན་པས། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་རང་བྱུང་སློབ་གསོའི་དཔེ་ཚོགས་ཐོག་མ་སྟེ《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སློབ་གསོའི་དཔེ་ཚོགས》པར་སྐྲུན་འགྲེམ་སྤེལ་བྱས། དཔེ་ཚོགས་དེ་པར་སྐྲུན་འགྲེམ་སྤེལ་བྱས་པ་ནི་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་དོན་ལག་བསྟར་བྱས་པའི་དོན་དངོས་འགུལ་སྐྱོད་ཅིག་ཡིན་པ་དང་། དམངས་ཡོངས་ཀྱིས་རྒྱལ་ཁབ་སྤྱི་གླིང་མཉམ་སྐྲུན་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་བྱེད་ཐབས་གསར་པ་ཞིག་དང་། རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་ལྡན་པ་དང་འཛམ་གླིང་གི་ཤུགས་རྐྱེན་ནུས་པ་ལྡན་པའི་རང་བྱུང་སྲུང་སྐྱོང་མ་ལག་དཔེ་སྟོན་བསྐྲུན་ཆེད་ལག་བསྟར་བྱས་པའི་བྱེ་བྲག་གི་ལག་ལེན་ཞིག་ཡིན་པས། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་རིག་གནས་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་སྤྱི་དམངས་ཀྱི་སྲུང་སྐྱོང་འདུ་ཤེས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་།
རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ས་གནས་ཐོག་མ་ཡིན་པའི་ཆ་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། སྔར་བས་ཡིད་ཆེས་བརྟན་པོ་དང་རང་འགུལ་ངང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་ལས་དོན་ཆེན་པོའི་ནང་ཞུགས་པ་དང་། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ལེགས་པོར་སྲུང་བས་བཅོས་སྒྱུར་བྱེད་ཐབས་རབ་རིམ་པར་གྲུབ་འབྲས་བཟང་བོ་བླངས། སྒྲིག་སྲོལ་ལམ་སྲོལ་སྟེང་ནས་ལས་འགན་མང་བའི་སྡེ་ཁག་ཏུ་བསྲེས་པ་དང་རང་བྱུང་སྲུང་སྐྱོང་ས་ཁུལ་མཉམ་སྡེབ་བྱས་པ། འཆར་འགོད་དང་སྒྲིག་སྲོལ་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་ཚད་གཞི་མང་པོ་དང་དོ་དམ་བྱེད་ཐབས་མང་པོ་གཏན་འབེབས་བྱས་ཏེ་རྒྱལ་ཡོངས་ལ་ཉམས་མྱོང་མཁོ་འདོན་བྱས། སྐྱེ་ཁམས་སླར་གསོའི་ཕྱོགས་ནས། སྒོར་དུང་ཕྱུར86.61ལས་གཞི་མང་པོའི་ཐད་ལག་བསྟར་བྱས་པ་དང་། གཏེར་ལས་ཁེ་དབང་དང་ཆུ་གློག་ས་ཚིགས་མེད་པར་བཏང་། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་གཏན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་མངོན་གསལ་གྱིས་ཇེ་བཟང་དུ་གྱུར། ནགས་ཚལ་དང་རྩྭ་ས་ཁེབས་ཚད74%ལ་སླེབས། རི་སྐྱེས་སྲོག་ཆགས་ཀྱི་རིགས་ཀྱང་ཇེ་མང་དུ་གྱུར་ཅིང་མཚེའུ་སྟོང་གི་མཚར་ཉམས་ཡང་བསྐྱར་མངོན་ཡོད། དམངས་འཚོ་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་ཐད། སྐྱེ་ཁམས་དོ་དམ་ཀྱི་སྤྱི་ཕན་ལས་གནས་བཙུགས་ཏེ་འབྲོག་པ་མང་པོ་དོ་དམ་སྲུང་སྐྱོང་པ་རུ་གྱུར་ཅིང་། གཏན་འཇགས་ཀྱི་ཡོང་སྒོ་ཡོད་པ་མ་ཟད། “གནས་དྲུག་གཞི་གཅིག”གི་རྣམ་པ་གསར་དུ་བཏོད་དེ་ཕྱོགས་མང་པོའི་འཕེལ་རྒྱས་ལ་ཡར་སྐུལ་བཏང་། སྐྱེ་ཁམས་རིག་གནས་རྒྱུན་འཛིན་ཐད། བགྲོ་གླེང་བྱེད་སྒོ་སྤེལ་བ་དང་སྟེགས་བུ་མང་པོ་བརྒྱུད་ནས་དྲིལ་བསྒྲགས་བྱས་པ། སྤུས་ལེགས་བརྩམས་ཆོས་མང་པོ་ལས་རྒྱལ་སྤྱིའི་མཚན་སྙན་དང་ཤུགས་རྐྱེན་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བས། མཚོ་སྔོན་གྱི་མིང་བྱང་གྲགས་ཅན་ཏུ་གྱུར།གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དཔལ་ཡོན་བཅོས་སྒྱུར་གྲུབ་འབྲས་མངོན་གསལ་ཡིན་པ་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་བཟང་དུ་གྱུར་ཅིང་། རི་སྐྱེས་སྲོག་ཆགས་ཀྱི་རིགས་དང་གྲངས་ཀ་ཇེ་མང་དུ་གྱུར་པས། སྐྱེ་ཁམས་དཔལ་ཡོན་སྒྲིག་གཞི་བཅོས་སྒྱུར་ལས“གཙང་གསུམ་འབྱུང་ཡུལ་གྱི་དཔེ་དབྱིབས“ཉམས་ཞིབ་བྱས་ཏེ། རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་ཁྲོད་ཀྱི་ཐད་ནས་ཧ་ཅང་རིན་ཐང་ཆེ་བའི་ཟུར་ལྟའི་མ་དཔེ་མཁོ་འདོན་བྱས་ཡོད།