འདྲེས་གྲུབ་སྤོས་འགྱིག དེང་འདིར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པའི་རྒྱུ་ཆ་ཞིག
རྩོམ་སྒྲིག ཚེ་གཟུངས་སྐྱིད།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 1907ལོའི་ཟླ7པའི་ཚེས14ཉིན། འདྲེས་གྲུབ་སྤོས་འགྱིག་ལྷད་མེད་ཀྱི་རིགས་དང་པོ་གསར་གཏོད་བགྱིས་པའི་རྒྱལ་ཁོངས་ཨ་རི་ཡིན་པའི་བྷེལ་ཇམ་པ་ལེ་ཨོ·པེ་ཁི་ལན་གྱིས་ཧྥིན་ཆོན་སྤོས་འགྱིག་གི་ཆེད་དབང་ཐོ་འགོད་བྱས། 1924ལོའི《དུས་རབས》གཟའ་འཁོར་དུས་དེབ་ཀྱིས་ཧྥིན་ཆོན་སྤོས་འགྱིག་དེ་མི་ལོ་དུ་མའི་རྗེས་སུ་དེང་རབས་ཤེས་རིག་གི་འཕྲུལ་ཆས་ཐམས་ཅད་ཀྱི་སྟེང་ནས་མཐོང་ཐུབ་ཅེས་བསྒྲགས་ཤིང་། དེ་ནས1940ལོའི་ཟླ5པའི་ཚེས20ཉིན་ལ་སླེབས་པའི་ཚེ།《དུས་རབས》གཟའ་འཁོར་དུས་དེབ་ཀྱིས་པེ་ཁི་ལན་ལ“སྤོས་འགྱིག་གི་ཡབ་ཆེན”ཞེས་བརྗོད་དོ། ། དུས་རབས20པའི་དུས་འགོར། གསར་སྐྱེས་ཀྱི་ལྗང་བུ་ལྟ་བུའི་གློག་ཤུགས་བཟོ་ལས་ཀྱི་ནང་དུ་བར་འགོག་རྒྱུ་ཆའི་ཚོང་ལམ་ཧ་ཅང་ཆེན་པོ་ཞིག་ཡོད་པ་ཡིན། ཨ་རིར་རྫས་འགྱུར་ཞིབ་འཇུག་དོན་དུ་གཉེར་བཞིན་པའི་པེ་ཁི་ལན་གྱིས་ཤེས་ཚོར་སྐྱེན་པོའི་ངང་ནས་བསྣམས་པའི་བསླུ་བྲིད་དང་པོ་ནི། རང་བྱུང་བར་འགོག་རྒྱུ་ཆ་རྒྱ་སྐྱེགས་ཀྱི་རིན་གོང་མྱུར་འཕར་བྱེད་ཀྱིན་པ་དེ་ཡིན། དུས་རབས་དུ་མའི་རིང་ལ། རྒྱུ་ཆ་དེ་རིགས་ནི་ནམ་ཡིན་ཡང་ཨ་ཤེ་ཡ་ལྷོ་མའི་ཁྱིམ་ཚང་གི་ལག་ཤེས་བཟོ་ལས་ཀྱིས་ཐོན་སྐྱེད་བྱེད་པ་ཡིན། མི་འདྲ་ས་ཞིག་ནི། འགྲོ་བ་མིའི་ལོ་རྒྱུས་སྟེང་གི་སྤོས་འགྱིག་ཨང་དང་པོ་ཡིན་ཞེས་ཟེར་གྱིན་ཡོད་པའི་སེ་ལུའུ་ལའོ (赛璐珞) ཞེས་པ་དེ་ནི་རྫས་འགྱུར་གྱི་ཐབས་ལམ་ནས་ཐག་གཅོད་བྱས་པ་བརྒྱུད་ནས་ཐོན་པའི་འགྱིག་བལ་དང་དེ་མིན་རྒྱུས་རྒྱུ་གཞན་དག་འདྲེས་པའི་རྩི་ཤིང་རྒྱུ་ཆ་ཡིན། དེ་ལས་ཧྥིན་ཆཱོན་སྤོས་འགྱིག་ནི་འཛམ་བུ་གླིང་དུ་ཡོངས་སུ་འདྲེས་སྦྱོར་བྱས་པའི་སྤོས་འགྱིག་ལྷད་མེད་ཡིན། པེ་ཁི་ལན་གྱིས་དེར་རང་ཉིད་ཀྱི་མིང་གིས་བཏགས་ནས“པེ་ཁི་ལའེ་ཐི”ཟེར། པེ་ཁི་ལན་ཁོང་ཉིད་ལ་ལམ་འགྲོ་ཤིན་ཏུ་རྒྱུག་པ་ཞིག་བྱུང་བ་སྟེ། དབྱིན་ཇིའི་ལས་རིགས་གཅིག་པ་ཅན་ཀྲམ་སི·སི་ཝིན་པོ་ཨེན་གྱིས་ཁོང་ལས་ཉིན་གཅིག་ཏག་ཏག་གིས་འཕྱིས་པར་ཆེད་དབང་གི་རེ་འདུན་ཞུ་ཡིག་ཡར་ཕུལ་བ་ཡིན། གལ་སྲིད་དེ་ལྟར་མིན་པའི་དབང་དུ་བཏང་ན་ཧྥིན་ཆཱོན་སྤོས་འགྱིག་གི་མིང་ལ“སི་ཝིན་པོ་ལའེ་ཐི”ཟེར་ནའང་ཁྲིགས་ཁྲིགས་མེད། 1909ལོའི་ཟླ2པའི་ཚེས8ཉིན། པེ་ཁི་ལན་གྱིས་ཨ་རིའི་རྫས་འགྱུར་རིག་པའི་མཐུན་ཚོགས་ཀྱི་ཉིག་ཡོག་ཡན་ལག་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་དུ་སྤོས་འགྱིག་རིགས་སྐྱེ་བོ་ཀུན་གྱི་འདྲེན་བྱེད་ཀྱི་དགའ་སྟོན་དུ་ཕུལ། བཀོལ་སྤྱོད་ཀྱི་དམིགས་བསལ་རང་བཞིན་གཞིར་བཟུང་སྟེ། དུས་དེང་སང་སྤྱིར་བཏང་དུ་སྤོས་འགྱིག་ཐུན་མོང་དུ་སྤྱོད་པའི་སྤོས་འགྱིག་དང་། བཟོ་སྐྲུན་གྱི་སྤོས་འགྱིག སྤོས་འགྱིག་ཁྱད་པར་ཅན་གྱི་རིགས་བཅས་རིགས་གསུམ་དུ་བཀར་ཡོད། དེའི་ནང་ནས་ཐུན་མོང་དུ་སྤྱོད་པའི་སྤོས་འགྱིག་ནི་ཐོན་ཚད་ཆེ་ཞིང་སྤྱོད་སྒོ་ཡངས་པ། ཆགས་བཟོའི་གཤིས་ནུས་བཅས་ལེགས་པ་ལས་གཞན། ད་རུང་གོང་བདེ་ཞིག་ཡིན། དེར་སྤྱིར་བཏང་དུ་སྣ་ཁ་ཆེན་པོ་ལྔ་ཡོད་པ་གཤམ་གསལ་ལྟར། ཞི་ཁ་པ་འདུས་མ( PE )དང་ཞི་ག་པ( PP )། ཞི་ཁ་པ་ཁིལ་འདུས་མ(PVC)། ཞི་ཁ་པ་པུན་འདུས་མ(PS)། དེ་མིན་ཞི་ག་པ་ཅིན—ཞི་གཉིས་ང་པ—པུན་ཞི་ཁ་པ (丙烯腈—丁二烯—苯乙烯) བཅས་ཀྱི་འདུས་སྦྱོར་རྫས (ABC) སྤོས་འགྱིག་གི་རྒྱུ་ཆར་སྤྱོད་པའི་ནང་དེས་མང་ཤོས་ཟིན། བཟོ་སྐྲུན་སྤོས་འགྱིག་ཟེར་བ་དེ་ནི་སྤྱིར་བཏང་དུ་ཕྱི་ཤུགས་ཀྱི་ནུས་པ་ངེས་ཅན་ཐེག་ཅིང་། འཕྲུལ་ཆས་ཀྱི་གཤིས་ནུས་ལེགས་པོ་ལྡན་པ་དང་། དྲོད་ཚད་མཐོན་པོ་དང་དྲོད་ཚད་དམའ་མོ་བཟོད་པའི་གཤིས་ནུས་ལྡན་པ། རིང་ཐུང་གཏན་འཇགས་ཡིན་པའི་རང་བཞིན་བཅས་ཅུང་ལེགས་པ་ཡིན་སྟབས། བཟོ་སྐྲུན་གྱི་སྒྲིག་གཞིར་བཀོལ་སྤྱོད་བྱེད་ཆོག་པའི་སྤོས་འགྱིག་ཡིན་པ་དཔེར་ན་ཞན་ཨཱན་འདུས་མ (聚酰胺) དང་ཧྥིན་འདུས་མ (聚砜) ལ་སོགས་པ་རེད། སྤོས་འགྱིག་ཁྱད་པར་ཅན་གྱི་རིགས་ནི་སྤྱིར་བཏང་དུ་དམིགས་བསལ་ཅན་གྱི་བྱེད་ལས་ལྡན་པའི་མཁའ་སྐྱོད་དང་དབྱིངས་སྐྱོད་ལ་སོགས་པའི་ཕྱོགས་སུ་སྤྱོད་པའི་སྤོས་འགྱིག་ལ་ཟེར་བ་ཡིན། ཀྲུང་གོའི་སྤོས་འགྱིག་བཟོ་ལས་དེ་ནི་ངར་ལྕགས་དང་ཨར་འདམ། ཤིང་ཆ་བཅས་དང་མཉམ་གཤིབ་མཉམ་སྤྱོད་ཀྱི་རྨང་གཞིའི་རྒྱུ་ཆའི་ཐོན་ལས་ཤིག་ཏུ་གྱུར་ཡོད། རྒྱུ་ཆ་རིགས་གསར་པ་ཞིག་ཡིན་པའི་ཆ་ནས། དེ་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་གོང་གསལ་གྱི་རྒྱུ་ཆ་རིགས་གསུམ་ལས་ཆེས་ཆེར་བརྒལ་འདུག དུས་རབས20པར་གོམ་ཁ་བསྒྱུར་བའི་ཚུན་དུ། ཀྲུང་གོའི་ཡང་བའི་བཟོ་ལས་ལས་རིགས་ཀྱི་དཀྱིལ་ཀ་ལྟ་བུའི་ཐོན་ལས་ནང་གི་གཅིག་ཏུ་རྩི་བའི་སྤོས་འགྱིག་ཐོན་ལས་ཐད། འདྲེས་གྲུབ་སྡོང་ཞག་དང་སྤོས་འགྱིག་གི་འཕྲུལ་ཆས། སྤོས་འགྱིག་གི་ཐོན་རྫས་གྲུབ་མའི་ཐོན་སྐྱེད་ལ་སོགས་པའི་ཕྱོགས་སུ་འཕེལ་སྟོབས་ཆེ་བའི་རྣམ་པ་མངོན་འདུག ཡིན་ན་ཡང་། སྤོས་འགྱིག་གི་རིགས་ཀྱི་རྒྱུ་ཆ་ལའང་བཟང་གཅིག་ངན་གཉིས་ཡོད་པ་སྟེ་དེ་སའི་ནང་ནས་ཞི་དཀའ་བས། དབྱིན་ཇིའི《ཝེ་པའོ་ཚགས་པར》གྱིས་ཐ་ན་སྤོས་འགྱིག་ནི་དུས་རབས20པའི་ནང་གི་གསར་གཏོད་ཆེས་སྡུག་ཆག་ཅིག་ཡིན་ཟེར། །