མདོ་དབུས་མཐོ་སྒང་གི་གལ་ཆེན་རང་བཞིན།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཆུ་ཁམས་རིག་པའི་ཤུགས་རྐྱེན། མདོ་དབུས་མཐོ་སྒང་ནི་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་སོགས་ཆུ་བོ་གལ་ཆེན་མང་པོའི་འབྱུང་ཡུལ་ཡིན་ཞིང་། ཆུ་བོ་འདི་དག་གི་ཆུ་ཁམས་དུས་འཁོར་དང་ཆུ་རྒྱུན་ལ་ཐད་ཀར་མདོ་དབུས་མཐོ་སྒང་གི་ནམ་ཟླའི་འགྱུར་ལྡོག་གི་ཚོད་འཛིན་ཐེབས་ཡོད། མཐོ་སྒང་གི་མཁའ་དབུགས་དྲོད་ཚད་ཇེ་མཐོར་ཕྱིན་པ་དང་འཁྱགས་ཀླུང་མྱུར་བར་ཞུ་བ་སོགས་ཀྱིས་ཐོག་མའི་ཆུ་འབོར་ཇེ་མང་དུ་གཏོང་སྲིད་ཅིང་། ཡུན་རིང་ཕྱིན་ན་འཁྱགས་ཀླུང་མེད་པར་གྱུར་པ་ལ་རྐྱེན་བྱས་ཏེ་ཆུ་རྒྱུན་ཇེ་ཉུང་དུ་སོང་ནས། མི་དུང་ཕྱུར་འགའི་འཚོ་བ་དང་ས་ཁུལ་གྱི་ཆུའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད།
སྐྱེ་ཁམས་མ་ལག་གི་འགྱུར་ལྡོག སྐྱེ་ཁམས་མ་ལག་གི་ཚུར་སྣང་ནི་མདོ་དབུས་མཐོ་སྒང་གི་ནམ་ཟླ་ཚོར་སྐྱེན་ཆེ་བའི་གནད་འགག་གི་ངོས་གཞན་ཞིག་ཡིན་ཞིང་། མཐོ་སྒང་ལ་དམིགས་བསལ་དུ་ཡོད་པའི་མཐོ་གྲང་ན་སྤང་དང་ཁེངས་སའི་རྒྱུད་ནི་དྲོད་ཚད་ལ་ཚོར་སྐྱེན་ཧ་ཅང་ཆེ། གོ་ལ་ཧྲིལ་བོའི་དྲོད་ཚད་ཇེ་མཐོར་སོང་བ་ཡིས་བསྐྱེད་པའི་མཁའ་དབུགས་དྲོད་ཚད་ཀྱི་འགྱུར་ལྡོག་གིས་ཐད་ཀར་རྩི་ཤིང་གི་སྐྱེ་དངོས་དུས་རྟགས་དང་ཁྱབ་ཁུལ། སྐྱེ་དངོས་ཕྲ་མོའི་འགུལ་སྐྱོད་སོགས་ལ་ཤུགས་རྐྱེན་ཐེབས་པ་རེད། འགྱུར་ལྡོག་འདི་དག་གིས་རིམ་བཞིན་ངེས་གཏན་གྱི་སྔོ་ཁེབས་ལ་བརྟེན་ནས་འཚོ་བའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུ་ལ་ཤན་ཤུགས་བཟོས་ནས། སྐྱེ་ཁམས་མ་ལག་གི་གྲུབ་ཚུལ་དང་བྱེད་ནུས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་འབྱུང་དུ་འཇུག་སྲིད།
ཐཱན་འཁོར་རྒྱུག་དང་ནམ་ཟླའི་ཚུར་སྣང་། མཐོ་སྒང་ས་ཆའི་ཕུན་སུམ་ཚོགས་པའི་འཁྱགས་ཀླུང་དང་ཁེངས་སའི་རིམ་པ་ནི་ཐཱན་གསོག་མཛོད་གལ་ཆེན་ཞིག་ཡིན་པས། དྲོད་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། འཁྱགས་ཀླུང་དང་ཁེངས་ས་འདི་དག་ཞུ་བ་ན། གསོག་ཉར་བྱས་པའི་ཐཱན་འབོར་ཆེན་ཏེ་ཀ་ཝན་དང་དབྱང་གཉིས་ཐཱན་རྫས་ལྟ་བུ་ཕྱིར་གཏོང་བ་རེད། དྲོད་ཁང་རླངས་གཟུགས་འདི་དག་གིས་གོ་ལ་ཧྲིལ་བོ་ཇེ་དྲོར་བཏང་ནས། དྲང་ཕྱོགས་ཚུར་སྣང་གི་འཁོར་རྒྱུག་གྲུབ་པ་རེད།
