ལུའོ་ཏུང་ཁྲོན་གྱིས་མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་རྟོག་ཞིབ་བྱས།
发布时间:2025年01月13日 消息来源:


སྒྲིག་སྒྱུར། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ1ཚེས11ཉིན། ཞིང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཚབ་མ་ལུའོ་ཏུང་ཁྲོན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་རྟོག་དཔྱད་ཞིབ་འཇུག་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་བྱས་ཏེ།  ཞིང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་ལྟར། སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོར་སྐྱེད་དེ་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་གྲུབ་འབྲས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་སྨྲས།  

དགུན་དུས་ཀྱི་མཚོ་སྔོན་པོ་དར་གྱིས་བསྡམས་ཡོད་ཅིང་མཛེས་པ་ལྟ་ན་སྡུག ལུའོ་ཏུང་ཁྲོན་སྔ་རྗེས་སུ་བྱེ་མ་ལ་བདུན་དང་ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་དུ་ཕྱིན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལ་ཕྱིར་དྲན་བྱས་ཤིང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། དེ་བཞིན་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་མཚོ་སྔོན་པོ་དཔེ་སྟོན་ཁུལ་འཛུགས་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སེམས་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད་པས། མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། བཀའ་དྲིན་ཚོར་བཞིན་འབད་བརྩོན་ཀྱིས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་སའི་དཔེ་སྟོན་ཁུལ་གསར་འཛུགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས། སྐྱེ་ཁམས་གནས་སྐོར་སོགས་གསར་དར་ལས་རིགས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་དང་། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐུན་མོང་གསར་སྐྲུན། མཉམ་སྐྲུན། མཉམ་སྤྱོད་གཏིང་ཟབ་ཏུ་བཏང་སྟེ། མཚོ་སྔོན་པོ་དེ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་བསྐྲུན་ནས་སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་སུ་གཏོང་བ་བཅས་གཅིག་གྱུར་མངོན་འགྱུར་བྱ་དགོས།   

རྐང་ཚ་རྫོང་བཙོག་ཆུ་ཐག་གཅོད་བཟོ་གྲྭ་རུ་ལུའོ་ཏུང་ཁྲོན་ཐག་གཅོད་འཁོར་ཁང་དང་ཀྲུང་དབྱང་ཚོད་འཛིན་ཁང་དུ་བསྐྱོད་དེ་ཐག་གཅོད་གཞི་ཁྱོན་དང་བཟོ་རྩལ་བརྒྱུད་རིམ། ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོང་གིས་ནན་གྱིས་བསྟན་དོན། བཙོག་ཆུ་གཙང་སེལ་ནི་སྐྱེ་ཁམས་སྲུང་སྐྱོང་མ་ལག་གི་ལས་གྲྭ་ཞིག་ཡིན་ལ་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན་པས། བཟོ་རྩལ་མཐོར་འདེགས་དང་སྒྱུར་བཀོད་ལ་སྔར་བས་སྐུལ་འདེད་གཏོང་དགོས་ལ། འཁོར་སྐྱོད་བེད་སྤྱོད་ལ་ཤུགས་སྣོན་དང་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་ཞེས་བཤད།

འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་གྲོང་ཚོར་བསྐྱོད་སྐབས། ལུའོ་ཏུང་ཁྲོན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ཡོང་བ་བྱེད་དགོས།  གྲོང་མི་བསོད་ནམས་ཚེ་རིང་གི་ཁྱིམ་དུ་ཕྱིན་ཏེ། ལུའོ་ཏུང་ཁྲོན་དང་ཁྱིམ་མི་གང་བོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དངོས་སུ་ཕེབས་སྐབས་ཀྱི་བརྗེད་མི་རུང་བའི་སྣང་ཚུལ་ལ་ཕྱིར་དྲན་བྱས་པ་མ་ཟད། ལས་བྱེད་པ་མང་ཚོགས་དང་གྲོང་མིའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་བྱས། གྲོང་ཚོའི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་ཡོང་འབབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་།  འཚོ་བར་འགྱུར་ལྡོག་ཕྱིན་པ། འཚོ་བ་ཇེ་བཟང་དུ་སོང་བ་བཅས་ཐོས་སྐབས། ལུའོ་ཏུང་ཁྲོན་གྱིས་དགའ་སྤྲོའི་ངང་བཤད་རྒྱུར། གྲོང་ཚོའི་རྣམ་པ་གསར་པ་འཛུགས་པ་དང་གྲོང་མི་ཚོས་འཚོ་བ་བཟང་པོ་སྐྱེལ་ཐུབ་པ་ནི་རྩ་བའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་སེམས་ཁུར་དང་ཐུགས་ཁུར་ལ་བརྟེན་ཡོད་པས། ཚང་མས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཤེས་པ་དང་། ཏང་གི་སྐད་ཆར་ཉན་པ། ཏང་གི་རྗེས་སུ་བསྐྱོད་པ་བཅས་བྱ་དགོས་ལ། རང་རྟོགས་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་དང་འཛུགས་སྐྲུན་བྱེད་མཁན་བྱེད་དགོས། “ལས་གྲྭ་ཁྲི་སྟོང་གི་”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་བ་དང་། འབབ་འཕར་ཐབས་ལམ་རྒྱ་སྐྱེད། བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། བདེ་སྡོད་ལས་འཚམ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་ཏེ་དེང་རབས་ཅན་གྱི་གྲོང་གསེབ་གསར་པའི་དཔེ་སྟོན་དཔེ་མཚོན་ཧུར་ཐག་གིས་གཏོད་དགོས།

མཚོ་འཁྱིལ་ཡུལ་ཚོ་ཆོས་རྒྱས་གྲོང་ཚོར་ཕྱིན་ཏེ་ལུའོ་ཏུང་ཁྲོན་གྱིས་ཀྲེ་ཧོ་ཐོ་ཆ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ནན་གྱིས་བསྟན་དོན། ཐོན་ལས་ཞིབ་ཚགས་ཅན་དང་། སྐྱེ་ཁམས་ཅན། རིག་ནུས་ཅན། སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ནོར་གནག་དང་བོད་ལུག་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ལེགས་སུ་གཏོང་བ་དང་། ཐོན་ལས་དར་རྒྱས་ལ་བརྟེན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་དགོས། མཚོ་འཁྱིལ་ཡུལ་ཚོ་ཉ་ནག་སོ་མ་གྲོང་ཚོར་ལུའོ་ཏུང་ཁྲོན་གྱིས་ཞིང་འབྲོག་པའི་ཁང་པ་དང་རྩྭ་ཐང་མཚོ་སྔོན་པོའི་ཆུ་འཕར་ནས་བསྣུབས་པའི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་རྒྱུས་ལོན་བྱས། ནན་གྱིས་བསྟན་དོན། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བཟོ་བ་དང་། ཧུར་བརྩོན་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཉེན་གཡོལ་གནས་སྤོ་དང་། རྗེས་མཐུད་བཀོད་སྒྲིག ལས་ཞུགས་འབབ་འཕར་སོགས་ཀྱི་ལས་དོན་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། མང་ཚོགས་བརྟན་བརླིང་ངང་གནས་སྤོ་ཐུབ་པ་དང་བདེ་སྐྱིད་ངང་སྡོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བཤད།