གྲོགས་པོ།

—ཞི་ཅིན་ཕིང་དང་ཅ་ཏ་ཧྲན་བར་འབྲེལ་འདྲིས་བྱས་པའི་གནས་ཚུལ་ཟིན་ཐོ།
ལི་ཁྲུང་ལུའེ་ཡིས་བརྩམས། བསོད་ནམས་འཚོས་བསྒྱུར།
发布时间:2025年02月14日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

2013ལོའི་ལོ་མཇུག་ཏུ། ཧི་པེ་ཞིང་ཆེན་གྱི་རྩོམ་པ་པོ་ཁང་ཀྲི་ཀང་གིས་ཁོ་རང་གི་པོད་ཁུག་ཏུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས1998ལོར་སྤེལ་བའི་རྗེས་དྲན་རྩོམ་ཡིགཏ་ཧྲན་རྗེས་སུ་དྲན་པཞེས་པ་བཀོད་དེ། མི་སེམས་འགུལ་བའི་འདས་དོན་ཞིག་གླེང་ཡོད། རྩོམ་ཡིག་དེའོད་ཟེར་ཚགས་པརདང་ཚགས་དེབ་མང་པོར་བརྒྱུད་འགོད་བྱས་རྗེས། རྒྱལ་ཡོངས་སུ་དོ་སྣང་ཆེན་པོ་བྱུང་། ལུགས་རྙིང་གི་ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། ང་རང་ཀྲིན་ཏེན་དུ་ཕྱིན་ནས་སྐབས་ཐོག་དེའི་མི་སྣ་སྐོར་ཞིག་ལ་མཇལ། འདས་དོན་བསྐྱར་དུ་གླེང་དུས། ཡིད་སེམས་འགུལ་བའི་དོན་དག་ཤིན་ཏུ་མང……
1982ལོའི་ཟླ3པར། ཞི་ཅིན་ཕིང་ཀྲིན་ཏེན་རྫོང་ལ་ཕེབས་ནས་ལས་འགན་ཁུར་རྗེས། ཐོག་དང་པོར་འཚམས་འདྲིར་ཕྱིན་པའི་མི་ནི་ཅ་ཏ་ཧྲན་རེད།
ཡིན་ཡང་། ཁོང་གཉིས་ཐོག་དང་པོར་འཕྲད་པ་ལ་དེ་འདྲའི་སྐྱིད་པོ་ཞིག་བྱུང་མེད།
ཁོང་གཉིས་ཐོག་དང་པོར་འཕྲད་པའི་ས་གནས་དང་མི་སྣའི་ཐད་ནས་བཤད་ཚུལ་མང་པོ་ཡོད་དེ། ལ་ལས་ཅ་ཏ་ཧྲན་གྱི་ཁྱིམ་ཡིན་ཟེར་ལ། ལ་ལས་གཞུང་ལས་ཁང་དུ་ཡིན་པར་བཤད། ཡང་ལ་ལས་ཁོང་གིས་རྩོམ་གྲོགས་མང་པོ་དང་གླེང་མོལ་བྱེད་སྐབས་ཡིན་ཟེར་ཞིང་། ཡང་ལ་ལ་ཞིག་གིས་དེར་ཡོད་པའི་མི་ནི་ལི་མན་ཐེན་ཡིན་ཞེས་རྩོམ་ཡིག་ཏུ་གསལ་བོར་བྲིས་ཡོད།
བཅར་འདྲིའི་ཁྲོད། སྨྱུག་ཐོགས་པས་རྒྱུས་ལོན་དཔྱིས་ཕྱིན་གནང་བའི་དོན་དངོས་ནི། ཉིན་དེའི་དགོང་ཟས་ལ་རོལ་རྗེས། ཞི་ཅིན་ཕིང་གིས་ལི་མན་ཐེན་འགྲོ་རོགས་སུ་བོས་ནས་ཏ་ཧྲན་ལ་འཚམས་འདྲིར་ཕྱིན། སྔོན་ལ་ཁྱིམ་དུ་སོང་ནས་ཏ་ཧྲན་དང་ཐུག་མ་ཐུབ་པས། རྗེས་སུ་ཏ་ཧྲན་ཡོད་སའི་རྫོང་རིག་གནས་ཁང་དུ་སོང་།
ལི་མན་ཐེན་ནི་གླུ་གརཔེ་མའོ་ཉུསཀྱི་གཏམ་རྒྱུད་ཟིན་ཐོར་འགོད་མཁན་ཐོག་མ་ཡིན་ལ། སྐབས་དེར་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཧི་པེ་ཡན་ལག་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་ཡོད་ཅིང་། ཏ་ཧྲན་གྱི་བློས་ཐུབ་གྲོགས་པོ་རེད།
སྐབས་དེར། ཏ་ཧྲན་གྱིས་གཞུང་ལས་ཁང་དུ་རྩོམ་གྲོགས་འགའ་དང་བརྩམས་ཆོས་གྲོས་སྡུར་བྱེད་པའི་སྒང་རེད། ཁོང་རང་དགེ་རྒན་དང་སྒྲིག་སྦྱོར་པ། འཁྲབ་ཁྲིད་པ། འཁྲབ་སྟོན་པ་བཅས་ཀྱི་ལས་ལ་ཞུགས་མྱོང་མཁན་ཞིག་ཡིན་ཕྱིན། ལྟ་རྒྱ་ཐོས་རྒྱ་ཡངས་ཤིང་སྨྲ་ལྕེ་ཤིན་ཏུ་བདེ། སྐབས་དེ་ནི་རྩོམ་རིག་གི་ལོ་རབས་ཤིག་ཡིན་པས། ག་ས་ཀུན་ཏུ་ན་གཞོན་རྩོམ་དགའ་ཡིས་ཁེངས་ཤིང་། ག་ས་ཀུན་ཏུ་རྩོམ་རིག་གླེང་སྟེགས་ཀྱིས་ཁྱབ་འདུག ལི་མན་ཐེན་དང་ཞི་ཅིན་ཕིང་གཉིས་ནང་དུ་ཐོན་པ་ན། ཏ་ཧྲན་གྱིས་ཁོང་གཉིས་ལ་ཁ་ཡ་མ་བྱས་པར་མུ་མཐུད་དུ་གླེང་མོལ་བྱེད།
ཞི་ཅིན་ཕིང་གིས་ལུས་ལ་དམག་ལྭ་ཞིག་གྱོན་འདུག་ཅིང་།གུས་པའི་ཉམས་ཀྱིས་འཛུམ་དམུལ་དམུལ་དུ་རང་སར་ཙོག་ནས། སེམས་ཞིབ་མོས་གཏམ་བཤད་ལ་ཉན་ནས་བསྡད།
ཡུད་ཙམ་གྱི་རྗེས་སུ། ཏ་ཧྲན་གྱིས་ཇ་ཧུབ་གང་འཐུང་བའི་གླགས་དང་བསྟུན་ནས། ལི་མན་ཐེན་ཡོང་ནས་མཚམས་སྦྱོར་བྱས་པ་ན། ཏ་ཧྲན་གྱིས་ད་གཟོད་མདུན་ཐད་ཀྱི་རིང་ཞིང་སྐམ་པའི་ན་གཞོན་དེ་ནི་གསར་དུ་བསྐོས་པའི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཡིན་པ་ཤེས།
དེ་མུར། ཅ་ཏ་ཧྲན་གྱིས་བཤད་པའི་སྐད་ཆས་ཞི་ཅིན་ཕིང་ལ་བག་ཆགས་ཟབ་མོ་བཞག 2009ལོའི་ཟླ7པར་པར་སྐྲུན་བྱས་པའིམཁས་བརྒྱའི་ལྷུག་རྩོམཞེས་པའི་དུས་དེབ་ཏུ། 2005ལོར་ཁོང་ཉིད་ཕྱིར་ཀྲིན་ཏེན་ལ་རྟོག་ཞིབ་ཏུ་ཕེབས་པའི་སྐབས་ཀྱི་སྒྲ་འབེབས་ཤིག་ལེགས་སྒྲིག་བྱས་ཏེ་བཀོད་ཡོད་དེ། “ཐོག་དང་པོར་བློ་མཐུན་ཅ་ཏ་ཧྲན་མཐོང་དུས། བློ་མཐུན་ཏ་ཧྲན་གྱིས་ཁ་ཕྱིར་འཁོར་ནས་བཤད་རྒྱུར‘ཁ་ན་སྤུ་མེད་པ་ཞིག་ཡོང་ནས་ང་ཚོའི་མགོ་པ་བྱ་རྒྱུ་རེད’……”
སྐབས་དེའི་རྣམ་པ་དང་ཏ་ཧྲན་གྱི་རྣམ་འགྱུར་ནི་ཇི་ལྟ་བུ་ཞིག་ཡིན་པར་ང་ཚོས་བློས་དཔོག་པར་དཀའ། འོན་ཀྱང་སྐབས་དེར་ཏ་ཧྲན་ནི་ལོ་ན40ལ་སོན་མེད་ནའང་། རྒྱལ་ཡོངས་ཀྱི་བྱ་དགའ་མང་པོ་རེག་ཅིང་། མཚན་སྙན་གྲགས་ཀྱང་ཕྱོགས་བཞིར་མཆེད་ཡོད་པས། རང་ཉིད་དང་ལོ་བཅུ་ལྷག་གིས་ཆུང་བའི་རྒྱུས་མེད་ཀྱི་འགོ་པ་འདི་མཐོང་དུས། དེ་ལྟ་བུའི་རང་རློམ་ཞིག་ཡོད་ཁོ་ཐག་ཡིན།
ཡིན་ཡང་། ཞི་ཅིན་ཕིང་གིས་དེར་མི་དགའ་བའི་རྣམ་འགྱུར་ཅི་ཡང་མ་བསྟན་པར་འཛུམ་དམུལ་དམུལ་བྱས།
ཞི་ཅིན་ཕིང་གིསཏ་ཧྲན་རྗེས་སུ་དྲན་པཞེས་པའི་ནང་སྐབས་དེའི་རྣམ་པ་འདི་ལྟར་བྲིས་ཡོད་དེ། “ངེད་གཉིས་ཀྱིས་ཐོག་དང་པོར་ཕན་ཚུན་མཐོང་བ་ཡིན་མོད། འོན་ཀྱང་ང་ཚོ་ནི་ལོ་མང་པོར་མ་མཇལ་བའི་གྲོགས་པོ་དང་མཚུངས་པར། བརྗོད་མི་ཚར་བའི་གླེང་གཞི་སྣ་ཚོགས་ཡོད། ཕན་ཚུན་གྱེས་སྐབས། ངས་ཁོང་ལ་ད་སྐྱེལ་མི་དགོས་ཞེས་ཞུས་ནའང་། ཁོང་གིས་མ་གོ་བ་བཞིན་དུ་འགྲོ་ཞོར་བཤད་ཞོར་དུ། ང་རང་ལས་ཁུངས་ཀྱི་སྒོ་ཁར་བསྐྱལ་བྱུང་།”
ཅ་ཏ་ཧྲན་ནི1942ལོའི་ཟླ7པར་གནའ་མཁར་ཞི་ནན་ཅེ་ནས་སྐྱེས་ཤིང་། ཆུང་དུས་ནས་ཟློས་གར་ལ་དགའ་མཁན་ཞིག་ཡིན་ལ། རྩོམ་རིག་ལ་དེ་བས་ཀྱང་མོས་མཁན་ཞིག་སྟེ། སློབ་འབྲིང་གི་སྐབས་ནས་བཟུང་བརྩམས་ཆོས་སྤེལ་མགོ་བརྩམས།
མཐོ་འབྲིང་མཐར་ཕྱིན་རྗེས། རྐྱེན་དབང་དུ་མས་ཁོ་རང་སློབ་ཆེན་དུ་འགྲིམས་པའི་སྐལ་བ་མ་བྱུང་། ཁོ་ཐོག་མར་རྡོ་ཐལ་སྲེག་པའི་ལས་བཟོ་པར་བསྡད་པ་དང་། རྗེས་སུ་གྲོང་གསེབ་ཏུ་ཕྱིན། འདི་ལྟ་བུའི་དམིགས་བསལ་ཅན་གྱི་མི་ཚེའི་བརྒྱུད་རིམ་ཞིག་ཡོད་པའི་དབང་གིས། ཁོ་ནི་ཁྲོམ་གཞུང་རིག་གནས་དང་གྲོང་གསེབ་རིག་གནས་གཉིས་ཀར་བྱང་ཆ་ལྡན་མཁན་ཞིག་ཏུ་གྱུར། རིག་གནས་འདི་གཉིས་ཀྱི་སྲེག་བཅད་བརྡར་གསུམ་ཁྲོད་ཁོ་ནི་རྩོམ་པ་པོ་ཞིག་ཏུ་གྱུར། 1977ལོར། ཁོང་གིསཆོས་ཞུ་བཞེས་པའི་སྒྲུང་ཐུང་ཞིག་སྤེལ་བར་རྩོམ་རིག་གི་སྡེ་ལ་ཚ་ཚ་འུར་འུར་བཟོས་ཤིང་། མ་ཟད་སྐབས་དང་པོའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་སྒྲུང་ཐུང་ལ་བྱ་དགའ་གནང་བའི་དཔྱད་འདེམ་ཁྲོད་བྱ་དགའ་ཐོབ་སྟེ། ཧི་པེ་ཞིང་ཆེན་གྱི“རིག་གནས་གསར་བརྗེའི”རྗེས་སུ་ཀྲུང་གོའི་རྩོམ་རིག་གི་ཆེས་མཐོ་བའི་བྱ་དགའ་ཐོབ་མཁན་ཐོག་མར་གྱུར།
ཅ་ཏ་ཧྲན་གྱི་གཟུགས་བོངས་ཆེ་རྒྱུ་ཆུང་རྒྱུ་མེད་པར་ཚད་དང་རན་ལ། ལུས་སྟོབས་རྒྱགས་ཤིང་སྟོབས་ཀྱིས་ཁེངས། ཁོང་ནི་ངེས་པ་དོན་གྱི་མི་རིག་ཡག་ཅིག་ཡིན།གསར་རྩོམ་གྱི་གོམས་གཤིས་ཀྱང་ཁོང་རང་ཉིད་ལ་ཁྱད་དུ་མངའ་བ་སྟེ། རྒྱུན་དུ་སེམས་སུ་ཟིན་ཐོ་འགོད་པ་རེད། ཁོང་གིས་ཐོག་མར་མནོ་བསམ་ཡང་ཡང་བཏང་སྟེ། གསར་རྩོམ་གྱི་སྒྲིག་གཞི་དང་བརྗོད་སྟངས་མ་ལུས་སེམས་སུ་གསལ་བོར་ངེས་རྗེས། བློས་ཐུབ་ཀྱི་རྩོམ་གྲོགས་རྣམས་གདན་ཞུ་བྱས་ཏེ་ཁོ་ཚོའི་བསམ་འཆར་སྡུད་ལེན་བྱེད། ཁོང་མི་མང་གི་ཁྲོད་དུ་ལྷོད་ཀྱིས་ཙོག་རྗེས། མིག་ཟུང་ཟིམ་ཙམ་གྱིས་གསར་རྩོམ་གྱི་མགོ་ནས་མཇུག་བར་ཚེག་ཤད་རེ་རེའང་མ་ལུས་པར་བློར་འདོན་པར་བྱེད། ཁོང་གི་ཡིད་འཛིན་ནི་གློག་ཀླད་སྟེང་ཡིག་འབྲུ་རེ་རེ་གསལ་བོར་བཀོད་པ་ཇི་བཞིན་ཧ་ལས་པ་ཞིག་རེད། གྲོགས་པོ་ཚོས་བསམ་འཆར་བཏོན་རྗེས། ཁོང་གིས་སྔར་བཞིན་སེམས་ནང་ནས་རྩོམ་ཡིག་ལ་བཟོ་བཅོས་རྒྱག་པ་དང་། ཉིན་འགའི་རྗེས་སུ། ཡང་བསྐྱར་དེ་ལྟར་གྱེར་བ་ཡིན། དེ་ལྟར་ཐེངས་འགར་བཟོ་བཅོས་བརྒྱབ་རྗེས། ད་གཟོད་ཡིག་འབྲུ་རེ་རེ་ཤོག་ངོས་སུ་ཕབ་སྟེ་ཀུན་གྱི་སྤྱན་ལམ་དུ་བསྟར་སྲིད།
ཉིན་འགའི་རྗེས་ཀྱི་དགོང་མོ་ཞིག་ལ། ཅ་ཏ་ཧྲན་ཞི་ཅིན་ཕིང་གི་གཞུང་ལས་ཁང་དུ་འབྱོར།
ཐེངས་དེར་ཁོང་གཉིས་ཐུག་འཕྲད་གནང་བའི་སྐོར་ནས། ངས་ཆེད་དུ་སྐབས་དེའི་རྫོང་ཨུ་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཀྲུའུ་པོ་ཧྭ་དང་ཝང་ཀྲི་མེ་གཉིས་ལ་བཅར་འདྲི་བྱས་ཤིང་། ཁོ་གཉིས་ཀྱིས་བཤད་ན། སྐབས་དེར་འཕྲིན་སྐྱེལ་གྱི་ཐབས་ལམ་གཞན་པ་མེད་པས། ཞི་ཅིན་ཕིང་གིས་རིག་གནས་ཁང་ལ་ཁ་པར་བཏང་ནས་ཏ་ཧྲན་ལ་ཁ་ཆད་བཏབ་པ་རེད།
རྫོང་ཨུའི་ར་སྐོར་ནི་གནའ་མཁར་གྱི་དཀྱིལ་དབུས་སུ་ཡོད་ཅིང་། ལོ་རྒྱུས་སྟེང་ཀྲིན་ཏེན་སྲིད་གཞུང་ཡོད་སར་ཡིན། སྒོ་ཆེན་གྱི་མདུན་དུ་སྦྱར་སྡོང་ཆེན་པོ་གཉིས་ཡོད་ལ། སྔར་གྱི་ཆགས་ཚུལ་ལྟར་ན་དེར་བརྒྱུད་སྒོ་ཅན་གྱི་སོ་ཁང་གི་ཁང་བ་ཞིག་ལས་ཡོད། ཁང་བ་དེའི་བྱང་ཕྱོགས་སུ་རྡོ་ལམ་གཉིས་འཐེན་འདུག་ཅིང་། རྡོ་ལམ་གྱི་དཀྱིལ་དབུས་དང་འགྲམ་གཉིས་སུ། བསྡོམས་པས་ལམ་གསུམ་ཅན་གྱི་ཁང་ཤར་ལྔ་ཡོད་ཅིང་། གྱང་ལ་སོ་ཕག་སྔོན་པོ་དང་རྒྱ་ཕིབས་སྔོན་པོ་ཅན་ཡིན་ལ། ཁ་ལྷོ་བྱང་དུ་འཁོར་ཡོད། ཅིན་ཕིང་གི་གཞུང་ལས་ཁང་ནི་མལ་ཁང་ཡང་ཡིན་ལ། ནུབ་ལམ་གྱི་ཆེས་མདུན་གྲལ་གྱི་ཤར་མཚམས་སུ་ཡོད། ཁང་པ་གྱན་གཅིག་མ་གཏོགས་མེད་ལ། རྐུབ་སྟེགས་གཉིས་ཀྱིས་མལ་ཁྲི་བྱས་ཡོད། འཐེན་སྒམ་གསུམ་ཅན་གྱི་སྒྲོག་ཙེ་ཞིག་དང་སོ་ཕག་དམར་པོའི་མདོག་ཅན་གྱི་རྐུབ་སྟེགས་གཉིས། ཚ་དེམ་གཉིས་དང་གློག་སྒྲོན་ཞིག་ཡོད། དཔེ་སྒྲོམ་མེད་པས་དཔེ་ཆ་དག་སྒྲོག་ཙེ་དང་སྒེའུ་ཁང་ཁར་སྤུངས་ཡོད། ཁང་བའི་ནང་དུ་ཕྱིན་པ་ན། མིག་ལམ་དུ་འཚེར་འོངས་པ་ནི་པེ་ཅིན་གྱི་གྲོགས་པོས་ལེགས་སྐྱེས་སུ་ཕུལ་བའི་རྔ་མོང་ཞིག་དང་རྟ་མཆོག་བཞི་ཡི་ཚོན་ཁྲ་རི་མོ་དེ་གཉིས་རེད།
མར་ཙོག་རྗེས། ཁོ་ཚོས་རང་རང་གི་ལོ་རིས་བཤད་ཅིང་། ཏ་ཧྲན་གྱི་ལོ་རེས་རྟ་ཡིན་ལ། ཅིན་ཕིང་གི་ལོ་རེས་སྦྲུལ་ཡིན། ཏ་ཧྲན་ཅིན་ཕིང་ལས་ལོ11གིས་ཆེ། དེའི་རྗེས་སུ། ཇ་འཐུང་ཞོར་དང་དུ་བ་འཐེན་ཞོར་དུ། གནའ་དེང་ནས་རྒྱལ་ཁབ་ཕྱི་ནང་། དེ་ནས་ཀྲིན་ཏེན་གྱི་ལོ་རྒྱུས་དང་དངོས་ཡོད་སོགས་ཕྱོགས་གང་ཐད་ནས་གླེང་མོལ་བྱས།
ཁོ་ཚོར་དངོས་གནས་འདྲ་ས་མང་པོ་ཡོད་དེ། གཉིས་ཀ་ཁྱིམ་ཚང་གི་རྐྱེན་དབང་གིས་གཞི་རིམ་དུ་སོང་བ་སྟེ། “རིག་གནས་གསར་བརྗེ”མགོ་བརྩམས་རྗེས། ལོ་ན་གཞོན་པའི་ཅིན་ཕིང་ལ་ཨ་ཕར་མ་ཉེས་ཁ་གཡོགས་ཐེབས་པ་རྐྱེན་བྱས་ཏེ། སྐྱོན་བརྗོད་གནང་མྱོང་ལ་བཙོན་དུ་ཡང་བཅུག་མྱོང་། ཧྲན་པེའི་གྲོང་གསེབ་ཏུ་སོང་ནས་རུ་ཞུགས་བྱེད་སྐབས། ཁོང་ད་དུང་ལོ16ལའང་སོན་མེད། ཏ་ཧྲན་ཡང་ཚོང་པའི་ཁྱིམ་རྒྱུད་དུ་སྐྱེས་པ་ཡིན་པས། 1964ལོར་རྫོང་ཁོངས་ནས་གནས་སྤར་དུ་བཅུག ཁོང་གཉིས་ཀྱིས་གྲོང་གསེབ་ཏུ་དཀའ་སྡུག་གི་ལོ་ཟླ་བསྐྱལ་ཞིང་། ལོ་དེ་དག་ལ། ཅིན་ཕིང་གིས་ཞིང་བཏབ་པ་དང་རྡོ་སོལ་སྐྱེལ་འདྲེན་བྱས་ལ། ད་དུང་རགས་བརྒྱབ་པ་སོགས་དཀའ་སྡུག་གི་ལས་ཀ་ཅི་ཡང་ལས་མྱོང་། ཏ་ཧྲན་གྱིས་ལོ་འཁོར་མོ་ཡུག་ཏུ་ལས་ཀ་ལྗིད་མོ་ལས་པ་རེད། ཁོང་གཉིས་ལ་དཀའ་སྡུག་གི་བརྒྱུད་རིམ་ཁྲོད་གྲུབ་འབྲས་ཀྱང་ཐོབ་ཡོད་དེ། ཞིང་ཁའི་རྒྱ་ཁྱོན་ཇེ་ཆེར་གཏོང་ཆེད། དགུན་ཁའི་ཁོམ་གསེང་གི་དུས་སུ། ཅིན་ཕིང་གིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་ཆུ་རགས་བརྒྱབ་པ་དང་། ད་དུང་སྡེ་བའི་ལྕགས་མགར་རྩ་འཛུགས་བྱས་ཏེ་ལྕགས་ལས་ཧྲེ་བཙུགས་ནས་ཐུན་མོང་གི་ཡོང་སྒོ་ཇེ་མང་དུ་བཏང་། རྗེས་སུ། ཁོང་མང་ཚོགས་ཀྱིས་རུ་ཆེན་ཏང་ཀྲི་པུའུ་ཧྲུའུ་ཅིར་འོས་སྦྱོར་བྱས། ཏ་ཧྲན་གྱིས་སྡེ་བའི་ནང་དྲིལ་བསྒྲགས་པའི་འགན་ཁུར་ཅིང་། གར་ཆུང་མང་པོ་རང་བསྒྲིགས་རང་འཁྲབ་བྱས་པས། སྡེ་བ་ཆུང་ཆུང་དེའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་བ་མ་ཟད། ད་དུང་ཐེངས་མང་པོར་ཧི་པེ་ཞིང་ཆེན་དང་ཧྭ་པེ་ས་ཁུལ་གྱི་རིག་རྩལ་འཁྲབ་སྟོན་གྱི་བྱ་དགའ་ཨང་དང་པོ་ཐོབ། དེ་ལས་ཀྱང་ཡ་མཚན་པ་ནི། ཁོང་གཉིས་ཀྱི་ན་གཞོན་ཤེས་ཡོན་ཅན་གྱི་ལོ་ཟླ་ནི་ལོ་ངོ་བདུན་རེ་ཡིན་པ་དེ་རེད། དངོས་ཡོད་ཀྱི་གནད་དོན་ཐད་ནས་ཀྱང་ཁོང་གཉིས་ཀྱི་ལྟ་ཚུལ་གཅིག་ཏུ་ཡོད་དེ། དཔེར་ན་ཀྲིན་ཏེན་གྱི“ཐོན་ཚད་མཐོ་བའི་དབུལ་ཕོངས་རྫོང”ལ་དབྱེ་ཞིབ་དང་། ཀྲིན་ཏེན་གྱི་རིག་དངོས་ཇི་ལྟར་ཞིག་གསོ་དང་ལེགས་སྒྲིག་བྱེད་པ། སྤྱི་ཚོགས་སྟེང་གི་ཚུལ་མིན་གྱི་སྤྱོད་ཚུལ་སོགས……
ཁ་བརྡ་བྱས་ནས་ཕྱི་ཉིན་ཞོགས་པའི་ཆུ་ཚོད་གསུམ་པར་སླེབས། རྫོང་ཨུའི་ར་སྐོར་དུ་སྨག་ནག་ཅིང་ཡོད་ཚད་ཁུ་སིམ་མེར་གནས་ལ་རྒྱ་སྒོ་ཆེན་མོ་ཡང་གཏན་འདུག ཁོང་གཉིས་ཀྱིས་རྨི་ལམ་གྱི་ཞིང་ཁམས་འགྲིམ་པའི་སྒོ་སྲུང་ལ་སུན་པོ་བཟོ་མ་བཟོད་པས། ཅིན་ཕིང་མར་བསྒུར་ཏེ་ཏ་ཧྲན་སྒོ་ཆེན་སྟེང་འགོ་བའི་བརྡ་བསྟན་ཅིང་། ཏ་ཧྲན་ཅི་བྱེད་འདི་བྱེད་མེད་པར་གྱུར་ནའང་། དེ་ལྟར་བྱེད་པ་ལས་འོས་མ་བྱུང་། དེ་བས་ཏ་ཧྲན་ཅིན་ཕིང་གི་ཕྲག་སྟེང་དུ་སྤོས་ཤིང་། ཅིན་ཕིང་དལ་བུར་ཡར་ལངས་ནས་ཏ་ཧྲན་སྒོ་ཆེན་སྟེང་འགོས་སུ་བཅུག……
དེའི་རྗེས་ཀྱི་ལོ་ཟླའི་ནང་། ཁོང་གཉིས་ཀྱིས་ཁ་ཆད་བཏབ་ནས་མཚམས་ལན་རེར་ཅིན་ཕིང་གི་གཞུང་ལས་ཁང་དུ་ཐུག་འཕྲད་གནང་བ་དང་། མང་ཤས་ཏ་ཧྲན་གྱི་ཁྱིམ་དུ་ཐུག་འཕྲད་གནང་།
ནུབ་ཚལ་འཐུང་རྗེས། ཅིན་ཕིང་གིས་རྐང་པ་བརྒྱབ་ནས་ཕྱིར་མལ་ཁང་དུ་ལོག
རྫོང་ཨུའི་ར་སྐོར་ནས་སྒོར་ཐོན་ཞིང་། སྲིད་གཞུང་མདུན་གྱི་སྲང་ལམ་བརྒྱུད་དེ་ལྷོ་རུ་བསྐྱོད་པ་ན། ལམ་གྱི་ཤར་ཕྱོགས་སུ་ཁྲང་ཧྲན་གློག་བརྙན་ཟློས་གར་ཁང་དང་སྣ་འཛོམས་ཚོང་ཁང་ཡོད་ལ། ལམ་གྱི་ནུབ་ཕྱོགས་སུ་ཚོང་ཁང་ཆུང་ཆུང་དང་སྔོ་ཚལ་ཚོང་ཁང་། གྱོན་ཆས་ཚོང་ཁང་ཁ་ཤས་ཡོད། སྲིད་གཞུང་གི་སྲང་མགོར་ཐོན་པ་ན་ཀྲུང་ཧྲན་ལམ་ཡིན་པ་དང་། ནུབ་བྱང་གི་དཀྱོག་མཚམས་སུ་ཏ་ཧྲན་ཚང་གིས་གཉེར་མྱོང་བའི་ཚོང་ཁང་གི་ཤུལ་ཡོད། ནུབ་ཕྱོགས་སུ་སྨི20ལྷག་བསྐྱོད་པ་ན། ལམ་གྱི་ལྷོ་ཕྱོགས་སུ་རིག་གནས་ཁང་དང་པར་སྐྲུན་ཁང་། ཨར་ལས་ཀུང་ཟི་བཅས་ཡོད་པ་དང་། བྱང་ཟུར་དུ་ཚོང་ཁང་དང་སྡོད་ཁང་སྣ་ཚོགས་ཡོད།
ཏ་ཧྲན་གྱི་ཁང་གཞིས་རྙིང་པ་ནི་ཤར་ནུབ་དོག་ཅིང་རིང་བའི་ར་སྐོར་ཞིག་ཡིན་ལ། ར་སྐོར་ནང་དུ་སྦྱར་སྡོང་ཆེན་པོ་ཞིག་ཡོད། དབྱར་ཁ་ཐོན་པ་ན། སྦྱར་སྡོང་མེ་ཏོག་ནི་ཁ་བ་བབས་པ་དང་མཚུངས་ཤིང་། ར་བའི་ནང་དུ་དྲི་ཞིམ་གྱིས་ཁྱབ་ཡོད།
ཅིན་ཕིང་གིས་ཏ་ཧྲན་གྱི་ཆུང་མར“སྲུ་མོ”ཞེས་འབོད་པ་དང་། སྲུ་མོ་དང་ཏ་ཧྲན་གཉིས་ཀྱིས་ཅིན་ཕིང་མལ་ཁང་དང་མགྲོན་ཁང་གཅིག་ཏུ་ཡོད་པའི་སྡོད་ཁང་དུ་བསུས་པ་དང་། བདག་མོས་ཇ་གང་དྲངས་རྗེས་འགྲམ་གྱི་བྱིས་པའི་མལ་ཁང་དུ་ངལ་གསོ་རུ་བུད་འགྲོ
ཁོང་གཉིས་ལ་ནམ་ཡང་བརྗོད་མི་ཚར་བའི་གླེང་གཞི་མང་པོ་ཡོད།
ཏ་ཧྲན་ནི་ཀྲིན་ཏེན་པ་ངོ་མ་ཞིག་ཡིན་ལ། ཕ་ཡུལ་གྱི་ལོ་རྒྱུས་ལ་ནང་བྱན་ཆུད་པ་ཞིག་ཀྱང་ཡིན། ཐོག་དང་པོར་གནས་དེར་འབྱོར་བའི་ཅིན་ཕིང་ལ་མཚོན་ནའང་། དུས་ཡུན་ཐུང་ངུའི་ནང་ས་དེའི་རིག་གནས་ལོ་རྒྱུས་ལ་རྒྱུས་ལོན་མང་པོ་བྱུང་བས། ཏ་ཧྲན་ཡང་ཧ་ལས་པར་གྱུར། ཏ་ཧྲན་གྱིས་མི་ལོ་ཉི་ཤུ་ལྷག་གི་རིང་ཟློས་གར་དང་རྩོམ་རིག་ལ་ཞིབ་འཇུག་ཟབ་མོ་གནང་མོད། འོན་ཀྱང་མ་བསམ་ས་ནས་ཅིན་ཕིང་ཡང་ཕྱོགས་དེར་ཧ་ཅང་མཁས་ཤིང་། མཐོང་ཐོས་མང་པོ་ཞིག་ནི་གོ་མ་མྱོང་བ་ཏག་ཏག་རེད། ཏ་ཧྲན་གྱི་མི་ཚེའི་བརྒྱུད་རིམ་ཀྱག་ཀྱོག་ཆེ་ལ། སྤྱི་ཚོགས་དང་མི་ཚེར་ཚོར་མྱོང་ཟབ་མོ་ཡོད། དེ་ལྟ་ནའང་། རང་ཉིད་ལས་ལོ་བཅུས་ཆུང་བའི་ཅིན་ཕིང་གི་ལྟ་ཚུལ་མང་པོ་ཞིག་ཁོང་དང་མ་བསྒྲིགས་རང་མཐུན་ཡིན།
ཁོང་གཉིས་ལ་ཁྱད་པར་ཡང་མང་པོ་ཡོད་དེ། ཅིན་ཕིང་གིས་དཔེ་ཆ་སྣ་མང་ལ་ལྟ་ཞིང་། ཆབ་སྲིད་དང་མཚན་ཉིད། དཔལ་འབྱོར་བཅས་དེ་བས་གལ་ཆེན་དུ་རྩི། ཡིན་ཡང་ཏ་ཧྲན་གྱིས་རྩོམ་རིག་དང་ལོ་རྒྱུས་རྩོམ་རིག ནང་བསྟན་རིག་པ་བཅས་ལ་དོ་སྣང་བྱེད་ཅིང་། དངོས་ཡོད་ལ་བཅངས་པའི་ལྟ་ཚུལ་ཐད་ནས། ཅིན་ཕིང་ནི་ཧུར་བརྩོན་པ་ཞིག་སྟེ། འཚོ་སྡོད་ཀྱི་གནས་བབ་སྡུག་ཅིང་མདུན་ལམ་མག་མོག་ཡིན་ནའང་། ཁོང་ནམ་ཡང་དགའ་སྤྲོས་འཚོ་ཞིང་ཕུགས་བསམ་མང་པོ་ཡོད་པ་ཞིག་ཡིན། སྐབས་དེར། ན་གཞོན་ཤེས་ཡོན་ཅན་རྣམས“ཕྱིར་གྲོང་ཁྱེར་དུ་ལོག་པའི་ཚ་རླབས”འཇགས་ཡག་མིན་པ་དང་། གྲོང་ཁྱེར་གྱི་ན་གཞོན་རྣམས“ཕྱི་རྒྱལ་དུ་འགྲོ་བའི་ཚ་རླབས”ཤིག་གང་སར་འཕྱུར་ཏེ། མི་ཚང་མ་ཐབས་བརྒྱ་ཇུས་སྟོང་སྒོས་ཕྱིར་གྲོང་ཁྱེར་དུ་ལོག་པ་དང་ཕྱི་རྒྱལ་དུ་འགྲོ་བའི་སྐབས་དེར། ཁོང་གིས་རང་འགུལ་གྱིས་ཕྱིར་གྲོང་གསེབ་ཏུ་འགྲོ་བའི་རེ་བ་ཞུས་ཏེ་གཞི་རིམ་དུ་སོང་། ཏ་ཧྲན་ནི་སོས་དལ་བག་ཕེབས་ལ་སྤྲོ་ཞིང་། ཁེ་དང་གོ་མིང་སྙེག་མཁན་ཞིག་མིན། ཁོང་སློབ་གྲྭ་འགྲིམ་སྐབས་གུང་གཞོན་ཚོགས་པར་མ་ཞུགས་ལ། ལས་ཀར་ཞུགས་རྗེས་ཏང་ཡོན་ནང་དུའང་མ་ཞུགས། ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་ཐེངས་མང་པོར་ཁོང་ཉིད་ཞིང་ཆེན་གྲོང་མཁར་དུ་ལས་གནས་སྤར་དུ་བཅུག་མོད། ཁོས་གཏན་ནས་ཁས་ལེན་མ་བྱས། ཁོང་གི་བརྩམས་ཆོས་ལ་ཆེད་དུ་ཞིབ་བསྡུར་གྲོས་ཚོགས་ཤིག་བསྡུས་མོད། ཁོང་ཉིད་གྲོས་ཚོགས་དེར་མ་ཞུགས། ཡིན་ཡང་ཏ་ཧྲན་ནི་རྩོམ་པ་པོ་ཞིག་ཡིན་པས། ལས་རིགས་ཀྱི་ཁྱད་ཆོས་ནི་དངོས་ཡོད་ལ་དོ་སྣང་དང་གསེད་འགྲོལ་བྱ་རྒྱུ་དེ་ཡིན། ཁོང་གི་བྱ་དགའ་ཐོབ་པའི་བརྩམས་ཆོས་ཏེཆོས་ཞུ་བདངམེ་ཏོག་གི་གྲོང་ཁྱེརསོགས་ནི་ཆབ་སྲིད་ཀྱི་མཐོང་སྣེ་ནས་གཞི་རིམ་ལས་བྱེད་པ་དང་ཞིང་པ་ཕལ་བ་ཞིབ་འབྲི་བྱས་པ་ཞིག་རེད། ཁོང་ཉིད་རྫོང་མཁར་འདི་དང་རྒྱལ་ཁབ་འདི། མི་རིགས་འདིར་སྙིང་ནས་དགའ་ཞེན་ཡོད།དེར་བརྟེན། རྩ་བའི་སྟེང་ཁོང་གཉིས་ནི་འདྲ་མཚུངས་ཡིན།
གླེང་མོལ་སྣ་ཚོགས་བྱས་ཏེ། ཤེས་མེད་ཚོར་མེད་ངང་ནམ་གུང་གི་ཆུ་ཚོད་གཉིས་གསུམ་ལ་སླེབས། ཁོ་ཚོ་ཚང་མ་ནི“རིག་གནས་གསར་བརྗེ”བརྒྱུད་མཁན་ཡིན་པས། ཚོགས་འདུ་འཚོགས་ནས་ནམ་གུང་ལ་ཐོན་པ་ནི་རྒྱུན་ཟས་ལྟ་བུར་གྱུར་ཡོད། མ་ཟད་སྐབས་དེར་རོལ་རྩེད་ཀྱི་རྣམ་པ་གཞན་མེད་པས། དཔེ་ཆ་ཀློག་པ་དང་གྲོགས་པོ་དང་ཁ་བརྡ་བྱེད་པ་ནི་ཤེས་ཡོན་པ་རྣམས་ཀྱིས་མཚན་སྐྱེལ་སྟངས་ཡག་ཤོས་དེ་ཡིན། དེ་ལས་ཀྱང་གནད་དམ་པ་ནི། ཁོ་ཚོ་ཕན་ཚུན་ལ་སེམས་མཐུན་ཞིང་དགའ་ཁ་འཁྱེར་སོ་གཅིག་ཏུ་ཕྱོགས་པས། ཅི་བཤད་དོན་ལ་གནས་ཤིང་། ཕན་ཚུན་འབྲལ་མི་ཕོད་པ་ཞིག་ཏུ་མཐོང་།
སྒོར་ཐོན་རྗེས། ཏ་ཧྲན་གྱིས་ཅིན་ཕིང་ལ་སྐྱེལ་མ་ཞུས་ཤིང་། ཁོང་གཉིས་ཀྱིས་མུ་མཐུད་དུ་བརྗོད་གཞི་དེ་གླེང་ནས། བཤད་ཞོར་འགྲོ་ཞོར་དུ་རྫོང་ཨུའི་སྒོ་ཁར་ཐོན་ལ། གལ་ཏེ་སྒོ་ཆེན་བརྒྱབ་ཡོད་ཚེ། ཏ་ཧྲན་རང་ཤུགས་ཀྱིས་མར་ཙོག་ཅིང་། ཅིན་ཕིང་གིས་ཀྱང་ཁེངས་སྐྱུང་ཅི་ཡང་མེད་པར་ཏ་ཧྲན་གྱི་ཕྲག་སྟེང་དུ་སྤོས་ནས་སྒོ་ཆེན་བརྒལ……
ཁོང་གཉིས་ཀྱིས་གླེང་མོལ་མཛད་པའི་ཟླ་ཚེས་ནམ་ཡིན་གྱི་སྐོར་ནས་ངས་རྒྱུན་དུ་འདི་ལྟར་བསམ་མྱོང་། ཅིན་ཕིང་ནི་རྫོང་ཨུའི་མགོ་ཁྲིད་པ་ཡིན་པས། ཉིན་རྒྱུན་གྱི་བྱ་བར་བྲེལ་བ་ཆེ་ཞིང་། མ་ཟད་གཉིད་ལ་དགའ་བའི་ལོ་ཚོད་དུ་ཡོད་པས། ཁོང་གཉིས་ཀྱི་གླེང་མོལ་མཛད་པའི་དུས་ཚོད་མང་ཤོས་གཟའ་སྤེན་པའི་དགོང་མོ་ཨེ་ཡིན་ནམ་སྙམ་བྱུང་། རྒྱུ་མཚན་ནི་དེ་ལྟར་ཡིན་ཚེ་ད་གཟོད་ཁོང་གིས་ཉིན་གཉིས་པར་ངལ་གསོསསྐབས་དེར་གཟའ་འཁོར་རེར་གཟའ་ཉི་མ་མ་གཏོགས་ངལ་གསོའི་ཉིན་མོ་མེདཆོག
འདིའི་སྐོར་ནས་ངས་སྐབས་དེར་རྫོང་དཔོན་གཞོན་པ་འཁུར་བའི་ལྕམ་མོ་ཧོ་ཡུས་ལ་དྲིས་མྱོང་མོད། མོས་དེ་ནི་མི་སྒེར་གྱི་འབྲེལ་འདྲིས་ཡིན་པས། ལས་ཀའི་གྲོས་རིམ་དུ་བཀོད་མེད་ཟེར། ཏ་ཧྲན་གྱི་ཆུང་མས་ཏ་ཧྲན་ལ་ཉིན་ཐོ་མེད་པས། བྱེ་བྲག་གི་ཟླ་ཚེས་འཚོལ་ཐབས་མི་འདུག་ཟེར།
སྐབས་དེ་ནི་ཅིན་ཕིང་ལ་ཧ་ཅང་བྲེལ་བ་ཆེ་བའི་སྐབས་ཡིན། ཁོང་ཉིན་རྒྱུན་ཀུང་ཧྲེ་དང་རུ་ཆེན་སོ་སོར་བརྒྱུགས་ནས། རྫོང་གི་གནས་ཚུལ་སྣ་ཚོགས་རྒྱུས་ལོན་བྱ་དགོས། རྫོང་ཨུར་ཅི་ཕུའུ་རླངས་འཁོར་གཉིས་ཡོད། ཁོང་རྒྱུན་དུ་ལྕགས་རྟར་ཞོན་ནས་འགྲོ་བ་ཡིན།
ལས་བྱེད་པ་རྒན་པ་ཀྲང་ཝུའུ་ཕུའུ་ཡིས“སྐབས་དེར་ངས་ཞི་ཀྲའོ་ཐུང་ཀུང་ཧྲེ་རུ་ཧྲུའུ་ཅིའི་འགན་འཁུར་ཡོད། ཁོང་གཅིག་པུ་ལྕགས་རྟར་ཞོན་ནས་རྟོག་ཞིབ་དུ་ཡོང་ཞིང་། ལྕགས་རྟ་ལས་བབས་མ་ཐག་ངའི་ལག་པར་འཇུས་ནས་འཚམས་འདྲི་བྱེད། ‘ཧྲུའུ་ཅི་ཞི་ལགས་ཁྱོད་གཅིག་པུ་ཇི་ལྟར་ཡོང་བ་ཡིན། ལམ་ཤེས་སམ’ཞེས་དྲིས་པ་ན། ཁོས་ལྭ་བའི་ཕུ་རུང་གིས་རྔུལ་ཆུ་ཕྱི་ཞོར། ‘ངས་འདྲི་ཞོར་འདྲི་ཞོར་དུ་ཡོང་བ་ཡིན’ཞེས་བཤད་འོངས”ཞེས་ཕྱིར་དྲན་གནང་བྱུང་།ལོ་དེར། ཞི་ཅིན་ཕིང་གིས་ཀྲིན་ཏེན་པ་རྣམས་དགའ་འོས་པའི་དོན་ཆེན་ཞིག་གྲུབ་སོང་།
ཀྲིན་ཏེན་རྫོང་ནི་རྒྱལ་ཡོངས་སུ་མིང་དུ་གྲགས་པའི་ཞིང་ལས་ཐོན་ཚད་མཐོ་བའི་རྫོང་ཞིག་ཡིན་མོད། འོན་ཀྱང“ཐོན་ཚད་མཐོ་བའི་དབུལ་ཕོངས་རྫོང”ཞིག་ཡིན་པའང་བསྙོན་དུ་མེད། ལོ་མང་པོར། རྒྱལ་ཁབ་ཀྱིས་ལོ་རེར་འབྲུ་རིགས་རྒྱ་མ་ཁྲི7600གཞུང་ལ་སྤྲོད་རྒྱུ་གཏན་ཁེལ་བྱས་ཤིང་། ལས་འགན་དེ་ཧ་ཅང་ལྕི་སྟབས། འབངས་མི་མང་ཤོས་ལ་བཟའ་འབྲུས་མི་འདང་བའི་གནས་ཚུལ་བྱུང་སྟེ། ས་ཆ་གཞན་ལ་སོང་ནས་ཞོག་ཁོག་དམར་པོ་ཉོས་ནས་འཚོ་བ་རོལ་ཐབས་བྱས། ཞི་ཅིན་ཕིང་གིས་གནས་ཚུལ་དེ་ཤེས་རྗེས་གདུང་སེམས་ཆེན་པོ་སྐྱེས། ཡིན་ཡང“ཐོན་ཚད་མཐོ་བའི་རྫོང”གི་ཞྭ་མོ་འདི་ཕུད་དགོས་ན། རང་སྡུག་རང་གིས་ཉོ་དགོས་པ་སྨོས་མ་དགོས། ཞྭ་མོ་འདི་ཕུད་ཚེ་འབངས་མི་སེར་གྱི་འགན་ཁུར་ཇེ་ཡང་དུ་འགྲོ་སྲིད་མོད། འོན་ཀྱང་རྫོང་ཨུའི་འབྲེལ་ཡོད་མགོ་ཁྲིད་པས“ནོར་འཁྲུལ་བཟོ”ཡང་སྲིད།
རྫོང་ཨུའི་མགོ་ཁྲིད་པ་གཙོ་བོས་ཞི་ཅིན་ཕིང་བྱ་བར་ཞུགས་མ་ཐག་ཡིན་པས། ཁོ་སོང་ནས་ཀྲུང་དབྱང་ལ་ཡར་ཞུ་བྱས་ཚེ། ཁོར་ཤུགས་རྐྱེན་ངན་པ་ཐེབས་སྲིད་པར་སེམས་ཁྲལ་བྱས། ཡིན་ཡང་ཞི་ཅིན་ཕིང་གིས“དངོས་ཐོག་བདེན་འཚོལ་གྱིས་གོང་རིམ་ལ་གནད་དོན་ཡར་ཞུ་བྱེད་པ་ནི་ང་ཚོ་ཏང་གི་སྲོལ་རྒྱུན་བཟང་བོ་ཡིན་པས། ཁྱོད་ཚོས་སེམས་ཁུར་བྱེད་མི་དགོས”ཟེར། དེ་བས། ཁོ་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལིས་ཡུས་ལན་གཉིས་མཉམ་དུ་ཞིང་ཆེན་དང་པེ་ཅིན་ལ་བརྒྱུགས་ནས། གོང་རིམ་སྡེ་ཁག་ལ་ཀྲིན་ཏེན་མི་དམངས་ཀྱི་འཚོ་བའི་གནས་བབ་དང་དངོས་ཡོད་དཀའ་ཁག་ཇི་མ་ཇི་བཞིན་དུ་ཞུས།
1982ལོའི་དབྱར་འགོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྟག་ཞིབ་ཚན་ཆུང་མངགས། ལོ་དེའི་སྟོན་མཇུག་ཏུ། གོང་རིམ་གྱིས་ཀྲིན་ཏེན་གྱི་འབྲུ་རིགས་གཞུང་སྡུད་བྱེད་པའི་ལས་འགན་དེ་རྒྱ་མ་ཁྲི2800ལ་ཇེ་ཉུང་དུ་བཏང་།
འདི་ནི་ཀྲིན་ཏེན་གྱི་ལོ་རྒྱུས་ཐོག་གི་དོན་དག་ཆེན་པོ་ཞིག་སྟེ། ཀྲིན་ཏེན་གྱི་ཞིང་ལས་གྲུབ་ཚུལ་ལེགས་སྒྲིག་དང་མ་འོངས་པའི་འཕེལ་རྒྱས་ཆེན་པོར་རྨང་གཞི་བརྟན་པོ་བཏིངས་པ་རེད།
རྫོང་ཨུའི་སྒོ་ཆེན་མདུན་དུ་གནའ་བོའི་སྦྱར་སྡོང་ཆེན་པོ་གཉིས་ཡོད། ཐེངས་ཤིག་རིག་གནས་ཅུས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་སྐབས། ཞི་ཅིན་ཕིང་གིས་སྦྱར་སྡོང་དེ་གཉིས་ནི་ལོ་རབས་ནམ་ཞིག་གི་ཡིན་པ་དྲིས་པ་ན། དེར་ཡོད་ཀྱི་མི་རྣམས་ཁ་གྲག་རྒྱུ་མེད་པར་གྱུར། ཁོས་ནགས་ལས་ཆེད་མཁས་པ་གདན་དྲངས་ནས་གསལ་འབྱེད་བྱ་རྒྱུའི་གྲོས་འགོ་བཏོན། མཇུག་མཐར་སྦྱར་སྡོང་དེ་གཉིས་ནི་ཡོན་རྒྱལ་རབས་ཀྱི་མཇུག་དང་མིང་རྒྱལ་རབས་ཀྱི་འགོར་བཙུགས་པ་ཡིན་ལ། གནའ་མཁར་འདིའི་ལོ་ན་ཆེས་རྒན་པའི་སྐྱེ་དངོས་ཡིན་པ་ཤེས་པས། ལྕགས་དྲ་བསྐོར་ཞིང་ཡི་གེ་བྲིས་ནས་སྲུང་སྐྱོང་གང་ལེགས་བྱས།
རྫོང་མཁར་དུ་ཡུས་ཧྭ་ལྷམ་ཁང་ཞེས་པ་ཞིག་ཡོད་ཅིང་།ས་ཞིང་གསར་བརྗེ་དུས་སྐབས་སུ་ཀྲུང་གུང་གིས་ཀྲིན་ཏེན་རྫོང་དུ་བཙུགས་པའི་གསང་བའི་ལས་བཟོ་པའི་ཏང་ཀྲི་པུའུ་ཐོག་མ་ཡིན་ལ། ཁོས་ཉམས་གསོ་སྲུང་སྐྱོང་བྱེད་པའི་མཛུབ་སྟོན་གནང་།
“འགྲམ་ངོགས་ཀྱི་དམར་གསོད་དོན་རྐྱེན”ནི1937ལོའི་ཟླ10པར་འཇར་པན་དམག་དཔུང་གིས་ཀྲིན་ཏེན་ལ་བཙན་འཛུལ་བྱེད་སྐབས་བྱུང་བའི་དམར་གསོད་དོན་རྐྱེན་ཞིག་ཡིན། ཅིན་ཕིང་གིསགནས་དེ་སྔོག་འདོན་དག་ཐེར་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གསར་དུ་བཙུགས་པ་མ་ཟད། རྗེས་དྲན་རྡོ་རིང་སྟེང་གི་ཡི་གེར་སྐུ་དངོས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས……
1982ལོའི་ཟླ12པའི་ཚེས23ཉིན། ཅིན་ཕིང་གིས་ཁ་པར་བཏང་ནས་ཏ་ཧྲན་ལ་ཁ་ཆད་བཏབ།
ཏ་ཧྲན་གྱིས“དེ་རིང་ཁྱོད་ཀྱིས་ལས་ཁུངས་ཀྱི་ཟ་ཁང་དུ་ཟ་མ་མ་བཟའ། ནུབ་ཚལ་ངེད་ཚང་ནས་འཐུང”ཞེས་བཤད། ཁོ་གཉིས་འབྲེལ་འདྲིས་བྱས་ནས་ལོ་གཅིག་འགོར་ནའང་། ཅིན་ཕིང་གིས་ཏ་ཧྲན་ཚང་ནས་ཐེངས་གཅིག་ལའང་ཟ་མ་མ་ཟོས། ཏ་ཧྲན་གྱིས་དེར་རྒྱུན་དུ་འཁང་ར་བྱེད་ཀྱིན་འདུག ཐེངས་འགར་གདན་ཞུ་བྱས་ཀྱང་། ཅིན་ཕིང་གིས་རྒྱུན་དུ་དགོད་ཞོར་དུ། ང་ཚོས་ཇ་འཐུང་བས་ཆོག ཆང་འཐུང་དགོས་དོན་མེད་ཅེས་བཤད། དེ་རིང་། ཏ་ཧྲན་གྱིས་ཡང་བསྐྱར་རེ་བ་ཞུས་པར། ཅིན་ཕིང་གིས་ཁས་ལེན་བྱས་སོང་།
དགོང་མོ་དེར། ཏ་ཧྲན་གྱིས་ནུབ་ཚལ་གྲ་སྒྲིག་བྱས་ཏེ་ཅིན་ཕིང་ལ་བསྒུགས་པ་དང་། ཅིན་ཕིང་ཡང་ལི་མན་ཐེན་གྱི་འགྲོ་རོགས་འོག་དུས་ལྟར་ཐོན།
ཁོ་ཚོས་ནུབ་ཚལ་འཐུང་ཞོར་དུ་ཆང་འཐུང་ཞིང་། ཁ་དཔེར་ཆང་ཁ་ནས་འཐུང་ན་གཏམ་སྙིང་ནས་བཤད་ཅེས་པ་བཞིན། ཁོ་ཚོས་གཏམ་གླེང་སྣ་ཚོགས་བྱེད་ཞོར་རྫོང་རིག་གནས་ཅུས་གླེང་སོང་། རིག་གནས་ཅུས་ཀྱི་ཁོངས་གཏོགས་སུ་ཟློས་གར་ཚོགས་པ་དང་ཞིན་ཧྭ་དཔེ་ཁང་། རིག་གནས་ཁང་། རིག་གནས་སྲུང་སྐྱོང་ཁང་སོགས་ལས་ཁུངས་བདུན་དང་ལས་བྱེད་པ་སུམ་བརྒྱ་བཞི་བརྒྱ་ལྷག་ཡོད་ཅིང་། མང་ཤས་ཤེས་ཡོན་པ་དང་འཁྲབ་སྟོན་པ་ཡིན་ལ། གནས་ཚུལ་ཧ་ཅང་རྙོག་འཛིང་དང་ལྡན་ཞིང་། འགལ་བ་ཡང་སྣ་ཚོགས་ཤིག་མཆིས། དེ་ལས་ཀྱང་གལ་ཆེ་བ་ནི། ཀྲིན་ཏེན་ལ་རྒྱལ་ཁབ་རིམ་པའི་རིག་དངོས་གནས་ས་དགུ་ཡོད་ཅིང་། དེ་ནི་རྒྱལ་ཡོངས་ཀྱི་རྫོང་སོ་སོའི་ཁྲོད་མཐོང་དཀོན་པ་ཞིག་ཡིན་མོད། འོན་ཀྱང་དུས་ཡུན་རིང་བོར་ཉམས་གསོ་མ་བྱས་པས། འདོན་འོས་པའི་ནུས་པ་ཅི་ཡང་འདོན་ཐུབ་ཀྱིན་མེད།
ལི་མན་ཐེན་གྱིས་ཀུ་རེའི་ཚུལ་དུ“ཏ་ཧྲན། གལ་ཏེ་ཁྱོད་རང་ཅུས་ཀྲང་ལ་བསྐོས་ཚེ།ཁྱོད་ཀྱིས་ལས་ཁུངས་འདིར་བདག་བྱེད་ཐུབ་བམ”ཞེས་དྲིས།
ཏ་ཧྲན་ནི་ཆུང་དུས་ནས་ལས་ཁུངས་འདིར་འབྲེལ་འདྲིས་ཟབ་ཅིང་། ད་ལྟ་ཡང་རིག་གནས་ཁང་གི་འགོ་བ་གཞོན་པ་ཡིན་པས། ལས་ཁུངས་དེའི་ཡོད་ཚད་ལ་རྒྱུས་ལོན་ཟབ་མོ་ཡོད། ཏ་ཧྲན་གྱིས་ཆང་གི་མངར་ཁ་ནས“ལོས་ཆོག གལ་ཏེ་ང་ལ་དབང་ཆ་སྤྲད་དེ། ཁ་བཤད་དོན་ལ་གནས་སུ་བཅུག་ཚེ”ཞེས་ལན་བཏབ་མུར། རང་ཉིད་ཀྱི“སྲིད་སྐྱོང་རྩ་གནད”ལྷུག་པོར་བརྗོད་བྱུང་།
སྐབས་དེར། ཅིན་ཕིང་གིས་མཐའ་གཅིག་ཏུ“བཟང་གི ཁྱོད་ཅུས་ཀྲང་ལ་སྡོད”ཅེས་བཤད་པ་ན། ཏ་ཧྲན་ཧ་ལས་པར་གྱུར།
མ་གཞི་རིག་གནས་ཅུས་ཀྱི་དེ་ལྟ་བུའི་གནས་བབ་ལ་རྫོང་ཨུའི་ཡན་ལག་དོ་དམ་མགོ་ཁྲིད་ཡིན་པའི་ཆ་ནས། ཅིན་ཕིང་གིས་རྟག་ཏུ་དེའི་ཕྱོགས་ལ་མནོ་བསམ་གཏོང་བཞིན་ཡོད། ཀྲིན་ཏེན་ནི་ལོ་རྒྱུས་སྟེང་གི་རྫོང་མཁར་གྲགས་ཅན་ཞིག་ཡིན་པའི་ཆ་ནས། ཕྱི་ནང་གང་ལ་བལྟས་ཀྱང་རིག་གནས་མ་ལག་ལ་འཐུས་ཚང་བའི་ཅ་ཏ་ཧྲན་ལྟ་བུའི་འགོ་ཁྲིད་པ་ཞིག་དགོས་འདུག དེའི་ཐད་ནས་ཅིན་ཕིང་དང་རིག་སློབ་བྱ་བར་གཙོ་སྐྱོང་གནང་བའི་རྫོང་དཔོན་གཞོན་པ་ཧི་ཡུས་གཉིས་ཀྱི་དྲན་ཚུལ་གཅིག་ཏུ་སོང་། དེ་བས། ཕྱོགས་མང་པོའི་བསམ་འཆར་སྡུད་ལེན་དང་འགོ་ཁྲིད་པ་གཙོ་བོར་གནས་ཚུལ་ཡར་ཞུ་བྱས་རྗེས། རྒྱུན་ཨུའི་གྲོས་ཚོགས་སྟེང་། ཅིན་ཕིང་གིས་ཏ་ཧྲན་རིག་གནས་ཅུས་ཀྱི་ཅུས་ཀྲང་ལ་བསྐོ་བའི་གྲོས་གཞི་བཏོན་པ་མ་ཟད་ཚང་མ་འཐད་པ་བྱུང་།
ཉིན་དེའི་དགོང་མོར། ཅིན་ཕིང་ཏ་ཧྲན་ལ་གཏམ་བཟང་བཤད་དུ་ཡོང་སྟེ། ཏ་ཧྲན་ལ “ཁྱོད་ཀྱིས་སྒྲུང་གཏམ་གཅིག་པུ་བྲིས་ནས་མི་འདུག་པར། ཀྲིན་ཏེན་གྱི་རིག་གནས་ལས་དོན་ལ་ཡང་བྱས་རྗེས་འབུལ་དགོས་ཡ། དེ་མ་ཟད་ད་དུང་ཁྱོད་ཀྱི་སྤྱོད་ཚུལ་བཟང་བོ་དང་བསམ་བློ་བཟང་བོ་ཡང་ལས་བྱེད་པའི་དཔུང་སྡེ་ཁྲོད་འཁྱེར་ཡོང་དགོས”ཞེས་བཤད།
ཏ་ཧྲན་ཡིད་ཆེས་དཀའ་ཞིང་། དེ་མུར“ང་རང་ཏང་ཡོན་མིན་ཡ”ཞེས་བཤད། ལོ་ཟླ་དེར་ཏང་ཕྱིའི་མི་སྣ་ཞིག་རྫོང་གི་འགོ་ཁྲིད་ལས་བྱེད་པར་འདུག་རྒྱུ་ནི་བློ་ངོར་མི་ཤོང་བའི་དོན་ཞིག་ཡིན།
ཅིན་ཕིང་གིས“ཁྱོད་ཀྱིས་སེམས་ཁྲལ་བྱེད་མི་དགོས། རྩ་འཛུགས་སྟེང་བཀོད་སྒྲིག་བྱས་ཟིན”ཟེར།
མ་གཞི་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“རིག་གནས་ཅུས་ཀྱི་བྱ་བ་ཡོངས་རྫོགས་ཅུས་ཀྲང་གིས་གཙོ་སྐྱོང་གནང་རྒྱུའི”ཐག་བཅད་ཡོད་པ་རེད།
ཕྱི་ཉིན་སྔ་དྲོ། ཅ་ཏ་ཧྲན་རིག་གནས་ཁང་གི་འགོ་བ་གཞོན་པ་ནས་རིམ་པ་གསུམ་འཕར་ཏེ། ཐད་ཀར་རིག་གནས་ཅུས་ཀྱི་ཅུས་ཀྲང་གི་གོ་གནས་སུ་འཕར། དེ་ནི་ཀྲིན་ཏེན་གྱི་ལོ་རྒྱུས་སྟེང་བྱུང་མ་མྱོང་བ་ཞིག་རེད།
ཞི་ཅིན་ཕིང་གིསཏ་ཧྲན་རྗེས་སུ་དྲན་པཞེས་པའི་རྩོམ་ཡིག་ཏུ། དེའི་རྗེས་ཀྱི་ཏ་ཧྲན་གྱི་ལོ་འགའི་བྱ་བར་འདི་ལྟར་དཔྱད་འཇོག་གནང་ཡོད་དེ། “ལས་འགན་ཁུར་རྗེས། ཁོ་རང་གཞི་རིམ་དུ་སོང་ནས་མང་ཚོགས་ལ་འདྲི་རྟོག་དང་གནད་དོན་འཚོལ་བ། ལམ་ལུགས་འཛུགས་པ་བཅས་བྱས་ཏེ། ཟླ་འགའི་དུས་ཚོད་ནང་། སྔར་གྱི་རྙོག་འཛིང་ཅན་གྱི་རིག་གནས་མ་ལག་དེ་གོ་རིམ་ལྡན་པ་ཞིག་ཏུ་བཏང་། ལས་འགན་ཁུར་ཡུན་དུ། ཏ་ཧྲན་གྱིས་ཀྲིན་ཏེན་གྱི་རིག་གནས་ལས་དོན་འཕེལ་རྒྱས་དང་གནའ་བོའི་རིག་དངོས་ལ་ཞིབ་འཇུག་དང་སྲུང་སྐྱོང་། ཉམས་གསོ། སྔོག་འདོན། མྱུར་སྐྱོབ་བཅས་བྱེད་པར་ནུས་ཤུགས་ཡོད་རྒུ་བཏོན། ཁྲང་ཧྲན་གློག་བརྙན་ཟློས་གར་ཁང་དང་ཞིན་ཧྭ་དཔེ་ཁང་། གློག་བརྙན་ཁང་སོགས་རིག་གནས་སྒྲིག་བཀོད་གསར་དུ་བསྐྲུན་པ་དང་ཞིག་གསོ་བྱས་ལ། ད་དུང་དགོན་པ་དང་ལྷ་ཁང་མང་པོ་ཞིག་གསོ་བྱས་པར་ཡང་ཁོའི་རྔུལ་ཆུས་མ་བརླན་པ་ཞིག་མེད”
ཏ་ཧྲན་ནི་རིག་གནས་པ་ཞིག་ཡིན་ལ། ཕོ་རྒོད་པོ་ཞིག་ཀྱང་ཡིན།
ཁྲང་ཧྲན་གློག་བརྙན་ཟློས་གར་ཁང་ལ་ཀྲིན་ཏེན་གྱི“མི་དམངས་ཚོགས་ཆེན་འདུ་ཁང”ཞེས་འབོད་དེ། རྫོང་གི་གྲོས་ཚོགས་གལ་ཆེན་ཚང་མ་གནས་དེར་ཚོགས་པ་རེད། ཡིན་ཡང་། རྒྱལ་ཁབ་མ་བཙུགས་པའི་སྔོན་གྱི་ཤིང་ཁང་དེ་ཉེན་ཁང་དུ་གྱུར་པའི་སྒང་ལ། ཅིན་ཕིང་གིསབསྐྱར་ལས་བྱེད་པའི་གྲོས་གཞི་བཏོན། སྤུས་ཀར་ཁག་ཐེག་ཡོང་ཆེད། ཏ་ཧྲན་གྱིས་འདུག་ས་ལས་ཡུལ་དུ་སྤར་ཏེ། ཉིན་མཚན་མེད་པར་ལས་ཡུལ་དུ་ལྟ་སྐུལ་བྱས།
ཀྲིན་ཏེན་ལུང་ཞིན་དགོན་པ་ནི་འཛམ་གླིང་ན་མིང་དུ་གྲགས་པའི་སུང་རྒྱལ་རབས་ཀྱི་དགོན་པ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་གཅེས་ནོར་རིམ་པའི་རིག་དངོས་ཡིན། ལོ་རབས་མང་པོ་འགོར་བས་དགོན་པ་རྙིང་རལ་དུ་གྱུར། གལ་ཏེ་ཞིག་གསོ་བྱེད་དགོས་ན་སྒོར་ཁྲི3000དགོས་པ་རེད། སྐབས་དེར་མ་དངུལ་དེ་འདྲའི་མང་པོ་གཏོང་དགོས་པ་ནི་རྒྱལ་ཡོངས་ཀྱི་རིག་དངོས་མ་ལག་ཏུ་ཕོ་བྲང་པོ་ཏ་ལའི་ལས་གཞི་མ་གཏོགས་གཅིག་ཀྱང་མེད། དེར་བརྟེན། ཅིན་ཕིང་གིསརྒྱལ་ནང་གི་ཆེད་མཁས་པ་གྲགས་ཅན་གདན་ཞུ་བྱས་ཏེ་བརྟག་ཞིབ་དཔྱད་འཇོག་བྱེད་དུ་བཅུག་ཅིང་། ཏ་ཧྲན་པེ་ཅིན་གྲོང་ཁྱེར་དང་ཞིང་ཆེན། རྫོང་མཁར་ཕན་ཚུན་བར་བཅས་སུ་བརྒྱུགས་ནས་དེའི་དོན་ལ་འབད་པ་བྱས། དེ་ལྟར་ཐང་ཆད་དྲགས་པས། ཏ་ཧྲན་ལ་ཕོ་བའི་བད་ཀན་ནད་བྱུང་བ་དང་། དུས་ཡུན་རིང་བོར་སྒོ་ཕྱིར་བརྒྱུགས་དགོས་པས། གང་ལ་སོང་ཡང་སྨན་ཁུག་འཁྱེར་འཁྱེར་ལ་སོང་སྟེ། ཉིན་མོ་བྱ་བའི་དོན་ལ་བརྒྱུགས་པ་དང་དགོང་མོ་ཀྲུང་སྨན་གདུས་ནས་འཐུང་། མཐའ་མཇུག་གོང་རིམ་སྡེ་ཁག་གིས་རྒྱབ་སྐྱོར་ཆེན་པོ་བྱས་ཏེ་མ་དངུལ་འབོར་ཆེན་དངོས་འབེབས་བྱས། དེ་ལྟ་བུའི་བཟོ་སྐྲུན་ཆེན་པོ་ལག་ཏུ་བསྟར་བར་ད་དུང་ས་ཞིང་མུའུ60བསྡུ་དགོས་ལ། ཁྱིམ་ཚང60གནས་སྤར་དགོས། དེའི་ཁྲོད་ཀྱི་དཀའ་སྡུག་ནི་བཤད་མ་དགོས་ལ། ཁོ་ཚོས་དཀའ་སྡུག་གང་མང་བརྒྱུད་ལུང་ཞིན་དགོན་པ་བསྐྱར་བཞེངས་བྱེད་པ་ཡོངས་སུ་ལེགས་གྲུབ་བྱུང་། དེ་བས། ལུང་ཞིན་དགོན་པ་ནི་ཀྲིན་ཏེན་གྱི་རིག་གནས་མིང་བྱང་གྲགས་ཅན་དུ་གྱུར།
ལུགས་རྙིང་ལོ་གསར་གྱི་སྐབས་སུ་མི་རྣམས་དགའ་བས་མྱོས་ཤིང་། སེམས་པ་ལྷོད་ལ་བབས་ཏེ་ལོ་གསར་ལ་རོལ་བ་ཡིན་མོད། འོན་ཀྱང་ཏ་ཧྲན་ལ་མཚོན་ན་སེམས་ཁུར་ཆེ་ཞིང་མི་ཁོམ་པའི་དུས་ཤིག་ཡིན་ཏེ། རྒྱལ་སྲུང་ལས་ཁུངས་དགུ་བོ་ཤིང་ཁང་ཡིན་པས། མེར་ཤོར་སླ་བས། ཁོས་ཉིན་མཚན་ཀུན་ཏུ་སྐོར་ཞིབ་བྱས་ཏེ་ལྟ་རྟོག་བྱས། ལ་ལས་ཁོར་ལས་ཚེགས་དེ་འདྲའི་ལྗིད་དུ་མི་འཇུག་པའི་ཞུ་བ་ཕུལ་སྐབས། ཁོས“ཡབ་མེས་ཀྱི་ཤུལ་ནོར། རྒྱལ་ཁབ་ཀྱི་གཅེས་ནོར། ངས་སྲུང་སྐྱོང་བྱེད་དགོས། གལ་ཏེ་གནད་དོན་འདྲ་བྱུང་ཚེ། ངས་ཀྲིན་ཏེན་གྱི་ངོ་ཇི་ལྟར་སྲུང་། རྫོང་ཨུའི་ངོ་ཇི་ལྟར་སྲུང་། ཧྲུའུ་ཅི་ཞི་ཡི་ངོ་ཇི་ལྟར་སྲུང་ཨང”ཞེས་བཤད་པ་རེད།
སྐབས་དེ་ནི་ཀྲུང་གོ་གསར་བ་དབུ་ཚུགས་རྗེས་ཀྲིན་ཏེན་གྱི་རིག་གནས་ལས་དོན་ལ་གཟི་འོད་འབར་བའི་དུས་རེད།
……
སྐབས་དེར། ཅིན་ཕིང་གིས་རྫོང་ཨུའི་ཧྲུའུ་ཅིའི་འགན་ཁུར་བས་བྱ་བར་སྔར་ལས་བྲེལ་བ་ཆེ་ནའང་། ཏ་ཧྲན་ལ་ཐུག་རྒྱུ་ནི་སྔར་ལྟར་རྒྱུན་ཆད་མ་མྱོང་།
1985ལོའི་ཟླ5པའི་དགོང་མོ་ཞིག་ལ། གློ་བུར་མི་ཞིག་གིས་སྒོ་བརྡུངས་བྱུང་། དེ་ནི་ཅིན་ཕིང་ཏ་ཧྲན་འབོད་དུ་ཡོང་བ་རེད།
མ་གཞི། ཅིན་ཕིང་གི་ལས་གནས་སྤར་ཏེ། ཕྱི་ཉིན་ཞོགས་པའི་ཆུ་ཚོད7སྟེང་ཅི་ཕུའུ་རླངས་འཁོར་བསྡད་དེ་ཡུལ་དེར་འབྲལ་དགོས། ཉིན་མོར་བྱ་བ་རྩིས་སྤྲོད་བྱས་ཏེ་ནམ་གུང་བར་ཐོན་པ་དང་། ལས་གྲོགས་ཚང་མ་བསྐྱལ་རྗེས། ད་གཟོད་གྲོགས་པོ་འབོད་དུ་ཡོང་བ་རེད།
ཐེངས་དེའི་གྱེས་བྲལ་གྱི་སྐོར་ནས། ཏ་ཧྲན་གྱིས་རྗེས་ནས་ཅི་ཡང་གླེང་མེད། དེར་ཅིན་ཕིང་གིས་འདི་ལྟར་བྲིས་ཡོད་དེ“……དགོང་མོ་དེར། ང་ཚོ་ལྷན་དུ་འཛོམས་ནས་མཐའ་མཇུག་གི་ཁ་བརྡ་ཐེངས་ཤིག་བྱས་པ་ཡིན། འབྲལ་ཁ་མར། ངེད་གཉིས་ལ་མིག་ཆུ་བཞུར་ཅིང་། ཕན་ཚུན་ལ་འབྲལ་མི་ཕོད་པ་ལྟར་གྱུར”
ཁོ་གཉིས་ཁ་འབྲལ་དུས་ཏག་ཏག་ནམ་གུང་གི་ཆུ་ཚོད་གསུམ་པར་སླེབས་འདུག ཅིན་ཕིང་གིས་ཆེས་མཐའ་མཇུག་ཏུ་ཏ་ཧྲན་རྫོང་ཨུའི་སྒོ་ཁར་སྐྱེལ་མ་ཞུས་ཤིང་། ཕན་ཚུན་ལ་ཅེར་ཏེ། བཤད་འདོད་པའི་སྐད་ཆ་མང་པོ་སེམས་ཁོང་ལ་མིད། དུས་རྒྱུན་དང་མི་འདྲ་བ་ཞིག་ནི། ཐེངས་དེར་རྫོང་ཨུའི་སྒོ་ཆེན་ཕྱེས་འདུག
བཅར་འདྲི་བྱེད་སྐབས། ཏ་ཧྲན་གྱི་ཆུང་མས་ང་ལ་ཏ་ཧྲན་ཕྱིར་ཡུལ་ལ་ཐོན་དུས། པང་དུ་རྔ་མོང་ཞིག་དང་རྟ་མཆོག་བཞི་ཅན་གྱི་ཚོན་བྲིས་རི་མོ་གཉིས་བཟུང་འདུག ཁོས་ཅི་ཡང་མི་བཤད་པར་མལ་དུ་ཉལ་རྗེས། ཕྱི་ཉིན་གྱི་ཉིན་གུང་བར་ཡར་མ་ལངས། ཡར་ལངས་རྗེས་ཧོན་ཐོར་བ་བཞིན་ལུས་འདུག
ཆུང་མས་ཁོ་ལ་ན་ཚ་བྱུང་འདུག་སྙམ་ནས་སྨན་འཐུང་བར་བསྐུལ་བ་ན། ཁོས་མགོ་བོ་འཕྲེད་དུ་གཡུག་ཞོར“ཧྲུའུ་ཅི་ཞི་ལས་གནས་སྤར་ཏེ་བུད་སོང”ཞེས་སྐད་དམའ་མོས་བཤད།
ལོ་ན49ལ་སོན་པའི་ལོ་དེར། ཏ་ཧྲན་གྱིས་ཅུས་ཀྲང་གི་ལས་གནས་བསྐྱུར་ཏེ་ཕྱིར་རྩོམ་སྟེགས་སུ་ལོག སྐབས་དེར། རྩོམ་རིག་དཔྱད་བརྗོད་ཀྱི་སྡེ་རུ་ཏ་ཧྲན་གྱི་སྒྲུང་གཏམ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་བརྗོད་གཞི་རུ་གྱུར།
ཡིན་ཡང་། མི་རྣམས་ཧ་ལས་དགོས་པ་ཞིག་ནི། ཏ་ཧྲན་གྱི་མཚན་སྙན་དེ་ལྟར་རྒྱས་ནའང་། ཁོང་གི་བརྩམས་ཆོས་གཅིག་ཀྱང་པར་སྐྲུན་བྱས་མེད། ལོ་དེ་དག་ལ། རྩོམ་རིག་གི་ཚོང་ར་དེ་འདྲའི་བཟང་རྒྱུ་མེད། པར་སྐྲུན་ལས་རིགས་དང་ཁེ་ལས་ལས་རིགས་ཁག་གི་གྲོགས་པོ་མང་པོས་རང་འགུལ་གྱིས་ཁོ་ལ་རོགས་རམ་བྱེད་པའི་བསམ་པ་བསྟན་ནའང་། ཁོས་འཛུམ་དམུལ་དམུལ་དུ། ཁྱོད་ཚོར་དཀའ་ལས་བཟོ་མི་དགོས་ཞེས་བཤད།
ཅ་ཏ་ཧྲན་ནི་རྒྱལ་ཡོངས་སུ་བརྩམས་ཆོས་གཅིག་ཀྱང་པར་སྐྲུན་མ་བྱས་པའི་རྩོམ་པ་པོ་གཅིག་པུ་ཡིན།
ཁོང་གི་དཔེ་ཁང་དུ། ཁོང་རང་གིས་བྲིས་པའི་སྙན་ཚིག་ཅིག་བཀལ་ཡོད་དེ། ལམ་བུ་ཆུང་བ་ལྷིང་ཞིང་འཇགས།། བགྲོད་ལམ་ཆེན་པོར་སུ་ཡང་བྲེལ།།
ཅིན་ཕིང་གི་འགན་ཁུར་ཇེ་ལྗིད་ནས་ཇེ་ལྗིད་ཡིན་རུང་། ཁོས་ཀྲིན་ཏེན་ནམ་ཡང་མ་བརྗེད་ལ། ཏ་ཧྲན་ཡང་ནམ་ཡང་མ་བརྗེད། ངོ་ཤེས་སུར་ཐུག་ན་ཡང་ཁོས་འཚམས་འདྲིའི་སྐད་བསྐུར་ལ། ལོ་རེའི་ལོ་སར་ཐོན་ལ་ཉེ་དུས། རྟེན་འབྲེལ་བྱང་བུ་ཡང་བསྐུར་བ་རེད།
ཡིན་ཡང་ཏ་ཧྲན་གྱིས་ན་གཞོན་གྲོགས་པོའི་ཕྲག་སྟེང་དུ་འགན་ཁུར་མང་པོ་ཡོད་པ་ཤེས་པས། རེ་སྨོན་དང་རྟེན་འབྲེལ་ཞུ་བ་ལས་སུན་པོ་ཅི་ཡང་བཟོ་མི་སྲིད།
1995ལོའི་ལོ་མཇུག་ཏུ། ཏ་ཧྲན་ལ་ནད་ལྕི་མོ་བྱུང་ཞིང་། ཅིན་ཕིང་གིས་སེམས་ཁུར་ཚད་མེད་གནང་། 1996ལོའི་ཟླ5པར། ཅིན་ཕིང་གིས་ཏ་ཧྲན་པེ་ཅིན་ལ་སོང་ནས་སྨན་བཅོས་བྱེད་བཞིན་པ་ཐོས་འཕྲལ། ཆེད་དུ་ལས་གྲོགས་ལ་མངག་བཅོལ་བྱས་ཏེ་ཏ་ཧྲན་ལ་སྐོར་རྒྱག་ཏུ་འགྲོ་རུ་བཅུག ལོ་སར་ལ་ཉེ་སྐབས། ཅིན་ཕིང་གིས་པེ་ཅིན་ལ་ཚོགས་འདུར་འགྲོ་བའི་གླགས་དང་བསྟུན་ནས་ཆེད་དུ་སྨན་ཁང་ལ་ལྟ་རུ་ཕྱིན། ཅིན་ཕིང་གིས་རྗེས་སུ་འདི་ལྟར་བྲིས་ཡོད་དེ། “ང་རང་ཁོའི་མལ་ཁྲིའི་མགོར་ཙོག་སྟེ། སེམས་གསོའི་སྐད་ཆ་རེ་འགའ་བཤད་ཀྱང་། དེ་ནི་དེ་འདྲའི་ཉམས་མེད་ནུས་མེད་ཀྱི་སྐད་ཆ་འབའ་ཞིག་རེད་ཨང……ཁོར་ལྷིང་འཇགས་ངང་ངལ་གསོ་རུ་འཇུག་ཆེད། ངས་ལག་པ་གཡུག་ཞོར་ཁོ་དང་བྲལ་བ་ཡིན་ལ། འགྲོ་ཁར་ངས་ཁོ་ལ། དུས་ཚོད་ཡོད་ན་ང་ངེས་པར་དུ་ཀྲིན་ཏེན་ལ་ཁྱོད་ལྟ་རུ་ཡོང”ཞེས་བཤད་པ་ཡིན།
དེའི་རྗེས་ཀྱི་ཉིན་བཅུ་ལྷག་གི་རིང་ལ། ཅིན་ཕིང་གི་ཟས་ཀྱི་ཡི་གའང་ཆད་སོང་། 1997ལོའི་ཟླ2པའི་ཚེས9ཉིན་ནི་ལུགས་རྙིང་ལོ་གསར་གྱི་ཚེས་གསུམ་ལ་ཁེལ་འདུག ཅིན་ཕིང་ཆེད་དུ་ཀྲིན་ཏེན་ལ་སོང་སྟེ་ཏ་ཧྲན་དང་མཇལ་འཛོམས་བྱུང་། སྔར་གྱི་སྒྲོག་ཙེ་དང་འབོལ་ཁྲི་སོགས་ཡོད་ཚད་འགྱུར་མེད་མོད། མིག་མདུན་གྱི་ཏ་ཧྲན་ནི་སྐམ་ཞིང་རིད་པར་གྱུར་ཅིང་། སྔར་གྱི་གསོན་ཤུགས་དེ་གཞི་ནས་ཉམས་འདུག
ཅིན་ཕིང་གིས་ཏ་ཧྲན་ལ་མཉམ་པར་ཞིག་བསྐྱོན་པའི་རེ་བ་བཏོན་པ་ན། ཏ་ཧྲན་གྱིས་ང་ལ་ལྟ་སྲོལ་མེད་པས། མི་ལེན་ནི་བྱ་ཞེས་བཤད་ནའང་། ཁོ་ཤུགས་ཀྱིས་ཡར་ཙོག་རྗེས་ལུས་པོ་དྲང་མོར་བསྡད་དེ་ཅིན་ཕིང་དང་མཉམ་པར་བརྒྱབ།
ཉིན11གི་རྗེས་སུ། ཏ་ཧྲན་གཏན་དུ་བུད་སོང་།
འདི་ནི་ཏ་ཧྲན་གྱིས་མི་ཡུལ་དུ་བསྐྱུར་བའི་མཐའ་མཇུག་གི་མཉམ་པར་ཡིན། ཁོ་དང་མཉམ་དུ་ཡོད་པ་ནི་ཁོའི་གྲོགས་པོ་བཟང་བོ་ཡིན།
2013ལོའི་ལོ་མཇུག་ཏུ། ང་རང་ཀྲིན་ཏེན་ལ་བཅར་འདྲིར་ཕྱིན་པ་ཡིན།
ཏ་ཧྲན་གྱི་ཁྱིམ་ནི་མི་ལོ་སུམ་ཅུའི་སྔོན་ལྟར་ཡོད་ཅིང་། སྐབས་དེའི་སྡོད་ཁང་དང་མལ་ཁྲི། དཔེ་སྒྲོམ། སྒྲོག་ཙེ་བཅས་སྔར་ལྟར་བཞག་ཡོད། དེ་དག་ལས་ངས་སྐབས་དེའི་གྲིབ་གཟུགས་མཐོང་ཐུབ་ཅིང་། དགོད་སྒྲ་ཞིག་ཀྱང་ཐོས་འོང་བ་འདྲ། ཚོན་བྲིས་རི་མོ་དེ་གཉིས་ནི་སྔར་བཞིན་ཡོད་ཅིང་། སྔར་བཞིན་སྙིང་སྟོབས་ཀྱིས་བརྟས་ཤིང་། ལོ་ཟླའི་འཁོར་སྐྱོད་ཁྲོད་ཕན་ཚུན་རེ་ལྟོས་དང་སེམས་གཏམ་བཤད་དེ། གཏན་དུ་འཚོ་བའི་གྲོགས་པོ་ཆ་ཞིག་དང་མཚུངས……