དཀོན་ལོ་གོང་མ་སྡེ་བ་མཛེས་ལ་དར་ཞིང་སྐྱིད།
发布时间:2025年02月17日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

“ཁྲུན་ཧའེ་ལགས། དེ་རིང་ཡང་བསགས་སྐར་སྒོ་རྩིས་ཁང་དུ་ཡོང་བ་ཡིན་ནམ། ཉེ་ལམ་སྐྱེ་ཁམས་སྲུང་སྐྱོབ་བྱ་འགུལ་ལ་ཞུགས་ནས་སྐར་མ་མི་ཉུང་བ་ཞིག་བསགས་ཡོད་དམ།”ཞེས་ཟླ1པའི་ཚེས17ཉིན། ཚེ་ཕྱུག་རྒྱལ་གྱིས་ཟོང་སྒྲོམ་སྟེང་གི་ཚོང་ཟོང་སྒྲིག་ཞོར་ལྗང་མདོག་བསགས་སྐར་སྒོ་རྩིས་ཁང་དུ་ཡོང་བའི་ཁྲུན་ཧའེ་ལ་དེ་ལྟར་བཤད།
ཁྲུན་ཧའེ་ཡིས་བསགས་སྐར་བྱང་བུ་སྟོན་ཞོར་དུ། གདོང་ལ་འཛུམ་རྒྱ་ལྷུག་པོར་གྲོལ་ནས“སྐར་མ་མང་པོ་བསགས་ཡོད། ཉེ་ལམ་ང་རང་གད་སྙིགས་རིགས་དབྱེ་དྲིལ་སྒྲོག་བྱ་འགུལ་ཁྲོད་ཐེངས་གང་མང་ཞུགས་པ་ཡིན། བསགས་སྐར་འདི་དག་ནི་ངས་རང་རེའི་སྡེ་བའི་སྐྱེ་ཁམས་ཁོར་ཡུག་ལ་ཧུར་བརྩོན་གྱིས་སྲུང་སྐྱོབ་བྱས་པའི་བདེན་དཔང་རེད”ཅེས་བཤད།
མཚོ་སྔོན་པོའི་འགྲམ་ངོགས་སུ་གནས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་ནི་རྐང་ཚ་རྫོང་གི་སྐྱེ་ཁམས་ཆེས་བཟང་བའི་དཔེ་སྟོན་སྡེ་བ་ཞིག་རེད། “སྐྱེ་ཁམས་ནི་ཐོན་ཁོངས་དང་རྒྱུ་ནོར་ཡིན་ལ། ང་ཚོའི་རིན་ཆེན་གཏེར་མཛོད་ཀྱང་ཡིན”ཞེས་བབ་ཆགས་ལ་གོ་རྒྱུ་ཡོད་པའི་སྐད་ཆ་འདི་ནི་གསལ་ལེར་འཆར་བའི་གློག་སྒྲོན་ཞིག་དང་འདྲ་བར། དཀོན་ལོ་གོང་མ་སྡེ་བ་སྐྱེ་ཁམས་འཛུགས་སྐྲུན་གྱི་བགྲོད་ལམ་སྟེང་བསྐྱོད་པར་ལམ་སྟོན་བྱས་ཡོད།
དཀོན་ལོ་གོང་མ་སྡེ་བའི་གཅིག་བསྡུས་བཀོད་སྒྲིག་ས་གནས་སུ་སོང་བ་ན། ངོས་སྙོམས་ཤིང་གྲ་དག་པའི་བགྲོད་ལམ་དེར་ཉི་འོད་འོག་ཏུ་འོད་འཚེར་ཞིང་། ཁྱིམ་ཚང་རེ་རེའི་སྒོ་ཁར་སྙིགས་སྒམ་རེ་བཞག་འདུག་ལ།  སྒོ་ཁའི་མེ་ཏོག་ར་བའི་ནང་དུ་གསོམ་སྡོང་བཙུགས་ཡོད། གྱང་དཀར་པོ་དང་སོ་ཕག་དམར་པོའི་མཁར་གྱང་དག་ཕན་ཚུན་བསྣོལ་མར་བསྟར་ལ། ར་བསྐོར་རེ་རེའི་ནང་གཙང་མར་ཕྱག་ཡོད། གྱང་ལྡེབས་སུ་བྲིས་པའི་ནོར་གནག་དང་གསའ་སོགས་ལས་སྡེ་བར་རང་བྱུང་གི་མཛེས་པ་ཞིག་བསྣན་ཡོད།
རྣམ་ཤེས་དེ་དག་ལ་གཡེང་ནས་བསྡད་ཡོད་པའི་སྐབས་སུ། སྡེ་མི་དཔལ་འཚོ་སྐྱིད་སྒོ་ཁར་ཐོན། མོས་རིགས་དབྱེ་བའི་གད་སྙིགས་དག་སྡེ་བའི་གད་སྙིགས་རིགས་དབྱེ་ས་ཚིགས་སུ་ཁྱེར་ཡོང་སྟེ། རིགས་མི་འདྲ་བའི་གད་སྙིགས་ཁུག་མ་རེ་རེ་བཞིན་སྙིགས་སྒམ་མི་འདྲ་བའི་ནང་དུ་འཕངས།“སྔོན་ཆད། ང་ཚོས་གད་སྙིགས་རིགས་དབྱེ་མི་ཤེས། ད་ལྟ་གད་སྙིགས་རིགས་དབྱེ་ཤེས་པ་དེ་ནི་རྫོང་གི་གད་སྙིགས་རིགས་དབྱེ་རུ་ཁག་གི་དྲིན་རེད”ཟེར།

དཔལ་འཚོ་སྐྱིད་ཀྱི་དྲན་ངོགས་སུ། 2021ལོའི་ལོ་མཇུག་ཏུ། གད་སྙིགས་རིགས་དབྱེ་རུ་ཁག་གི་ལས་གཉེར་མི་སྣ་ཁྱིམ་ཚང་རེ་རེར་སོང་སྟེ་གད་སྙིགས་རིགས་དབྱེ་ཚུལ་རེ་རེ་བཞིན་ཁྲིད་པའི་ཁར་གད་སྙིགས་རིགས་དབྱེའི་བཟང་ཆ་དྲིལ་སྒྲོག་བྱས། དང་ཐོག་སྡེ་མི་མང་པོ་ཞིག་གིས་ལས་ཚེགས་ཆེ་བས་དེ་ནི་ལས་ཀ་ལྷག་མ་ཞིག་ཡིན་པར་འདོད་མཁན་ཀྱང་ཡོད།

图片
“ལས་གཉེར་མི་སྣས་གད་སྙིགས་རིགས་དབྱེ་ལས་རྩྭ་ཐང་གི་གད་སྙིགས་ཇེ་ཉུང་དུ་གཏོང་ཐུབ་ཟེར་བ་ཐོས་རྗེས། ཚང་མས་རིམ་གྱིས་གད་སྙིགས་རིགས་དབྱེའི་ལས་ཀ་དེ་དང་ལེན་བྱས། གད་སྙིགས་རིགས་དབྱེ་འགོ་བརྩམས་རྗེས་སྡེ་བའི་ནང་གི་གད་སྙིགས་ཇེ་ཉུང་དུ་སོང་བས་ཚང་མས་ཀྱང་རང་འགུལ་གྱིས་གད་སྙིགས་ལ་རིགས་དབྱེ་བར་བྱེད”ཅེས་དཔལ་འཚོ་སྐྱིད་ནི་སྡེ་བའི་ནང་གི་གཙང་སྦྲ་པ་ཡིན་པས། གད་སྙིགས་ཐང་དུ་འཕངས་ཡོད་པ་མཐོང་ན་སྐམ་པས་གད་སྙིགས་འཐུ་དགོས་ལ། མོས་སྡེ་བའི་བགྲོད་ལམ་ཕྱག་པའི་འགན་ཁུར་ཡོད།
དཔལ་འཚོ་སྐྱིད་སྡེ་བའི་ནང་དུ་སྨི་བརྒྱ་ཕྲག་འགའ་སོང་ཡང་ཤོག་བུ་གཤགས་རོ་འགའ་མ་གཏོགས་འཐུ་རྒྱུ་མེད། སྔོན་ཆད་ཡིན་ན། སྨི་བརྒྱའི་ནང་དུ་གད་སྙིགས་ཁུག་མ་གང་འཐུ་རྒྱུ་ཡོད། གད་སྙིགས་ཉུང་དུ་སོང་ཡོད་ནའང་དཀོན་ལོ་གོང་མ་སྡེ་བའི་སྐྱེ་ཁམས་སྲུང་སྐྱོབ་ཐད་སྔར་བས་ཞིབ་ཚགས་སུ་གྱུར་ཡོད།
“ལོ་གསུམ་གྱི་ཡར་སྔོན་དུ་སྡེ་བའི་ནང་དུ་གཙང་སྦྲ་པ9མ་གཏོགས་མེད། སྡེ་བས་ཉ་མོ་གྱེན་རྐྱལ་དང་། ས་གཤིས་དང་སྐྱེ་ཁམས་སོགས་ཀྱི་དགེ་མཚན་བེད་སྤྱད་དེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཡུལ་སྐོར་ལས་རིགས་སྟོབས་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་གཏོང་འགོ་བརྩམས་པ་ནས་བཟུང་། སྡེ་བའི་ནང་གི་གཙང་སྦྲ་པ65རུ་ཇེ་མང་དུ་སོང”ཞེས་དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་དེ་ལྟར་བཤད།
སྔོན་ཆད་སྡེ་བའི་ནང་གི་གཙང་སྦྲ་པས་ཉིན་འགའི་ནང་དུ་གཙང་སྦྲ་ཐེངས་གཅིག་བྱས་ན་ཆོག་མོད། ད་ལྟ་གཙང་སྦྲ་པ་རྣམས་ཀྱིས་ཉིན་གང་བོར་ལས་གནས་བསྲུང་དགོས་པར་མ་ཟད། སྡེ་བའི་ནང་གི་སྐྱེ་ཁམས་དཔལ་ཡོན་རུ་ཁག་གིས་དུས་ཐོག་ཏུ་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཉིན་རེ་རེར་སྡེ་བའི་ནང་དུ་སྐོར་ཞིབ་བྱེད་དགོས་ལ། གལ་ཏེ་གད་སྙིགས་དུས་ཐོག་ཏུ་གཙང་སྦྲ་བྱས་མེད་པའི་གནས་ཚུལ་མཐོང་དུས་མྱུར་མོར་གཙང་སྦྲ་པར་བརྡ་བརྒྱབ་ནས་གཙང་སྦྲ་བྱེད་དུ་འཇུག་དགོས། དུས་མཚུངས་སུ་ཁོ་ཚོས་ད་རུང་སྡེ་དམངས་ཀྱི་ཉིན་རྒྱུན་གྱི་བྱ་སྤྱོད་ལའང་ལྟ་སྐུལ་བྱེད་དགོས་ལ། ཚང་མས་གང་འདོད་དུ་གད་སྙིགས་མི་འཕེན་པར་སྡེ་བའི་ཁོར་ཡུག་གཙང་མར་མཉམ་དུ་སྲུང་སྐྱོབ་བྱེད་པའི་དྲན་སྐུལ་བྱེད་དགོས།
2023ལོར། སྡེ་མི་རྣམས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཞུགས་པའི་བརྩོན་སེམས་སློང་ཆེད། དཀོན་ལོ་གོང་མ་སྡེ་བས་ལྗང་མདོག་བསགས་སྐར་ལམ་ལུགས་བཏོན། སྡེ་མི་རྣམས་གད་སྙིགས་རིགས་དབྱེ་དང་སྡོང་འཛུགས་ནགས་སྐྲུན། སྐྱེ་ཁམས་སྐོར་ཞིབ་སོགས་ཀྱི་བྱ་འགུལ་ལ་ཞུགས་ན་འོས་འཚམ་གྱི་སྐར་མ་ཐོབ་པ་ཡིན། བསགས་སྐར་དེ་དག་སྡེ་བའི་ནང་གི་བསགས་སྐར་སྒོ་རྩིས་ཁང་ནས་འཚོ་བའི་མཁོ་དངོས་ལ་བརྗེ་ཆོག
“ལྗང་མདོག་བསགས་སྐར་ལམ་ལུགས་ངོ་མ་བཟང་། ཚང་མས་སྐར་མ་མང་པོ་གསོག་ཆེད། སྐྱེ་ཁམས་སྲུང་སྐྱོབ་ལ་ཞུགས་ཅི་ཐུབ་བྱེད་ཀྱིན་ཡོད།”སྐྱེ་ཁམས་དཔལ་ཡོན་རུ་ཁག་གི་རུ་གཙོ་ཚེ་རིང་དོན་གྲུབ་ཀྱིས་གདོང་ལ་འཛུམ་མདངས་གྲོལ་ནས། སྔོན་ཆད་ཁོ་ཚོའི་རུ་མི་དང་སྐྱེ་ཁམས་བདག་སྐྱོང་པ། གཙང་སྦྲ་པ་རྣམས་ལས་གཞན་གད་སྙིགས་ལ་གཙང་སྦྲ་བྱེད་མཁན་མེད། ད་ལྟ་སྐྱེ་ཁམས་སྲུང་སྐྱོབ་ལ་ཞུགས་མཁན་གྱི་སྡེ་མི་ཇེ་མང་ནས་ཇེ་མང་ཡིན་པས། སྡེ་བ་དང་རྩྭ་ཐང་སྔར་བས་མཛེས་པར་གྱུར་ཡོད་ཟེར།
ལོ་རེར་སྡེ་མི་རྣམས་དབྱར་ས་རུ་སྤར་དུས། ཚང་མས་མ་སྐུལ་དང་བླངས་ཀྱིས་རྩྭ་ཐང་གི་གད་སྙིགས་འཐུ་བཞིན་ཡོད་ཅེས་ཚེ་རིང་དོན་གྲུབ་ཀྱིས་གསར་འགོད་པར་དེ་ལྟར་བཤད། ཁོས་བལྟས་ན་ལྗང་མདོག་བསགས་སྐར་ལམ་ལུགས་ནི་བཀོད་འདོམས་དབྱུག་པ་ཞིག་དང་འདྲ་བར། སྡེ་མི་རྣམས་ལ་སྐུལ་སློང་བྱེད་དགོས་པ་ནས་མ་སྐུལ་དང་བླངས་བྱེད་པར་སྣེ་ཁྲིད་བཞིན་ཡོད་ལ། དེ་ཡིས་སྡེ་མི་རྣམས་ལ་མིག་མཐོང་ལག་ཟིན་གྱི་དངོས་པོའི་བྱ་དགའ་ཐོབ་ཏུ་བཅུག་པར་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་ཀྱང་སྔར་བས་ཇེ་དྲག་ཏུ་བཏང་ཡོད།
“ལོ་འདི་འགའི་རིང་ལ། མི་རིགས་སྡེ་བའི་ལས་གཞི་ལག་བསྟར་བྱས་པ་བརྒྱུད་ནས་ང་ཚོའི་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྔོན་ཆད་ཀྱི་དམངས་ཀྱི་སྡོད་ཁང་ཕལ་བ་དེ་དག་དང་ད་ལྟ་གྱང་དཀར་པོ་དང་སོ་ཕག་དམར་པོའི་གྱང་ར་བསྣོལ་མར་བསྟར་ཅིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཏུ་གྱུར་ཡོད་ལ། གསར་དུ་ལས་པའི་སྡེ་དམངས་ལྟེ་གནས་སུ་མི་ཚོགས་ལང་ལོང་དུ་འཁོར་ཞིང་། མང་ཚོགས་ཀྱི་གར་སྟེགས་ཀྱིས་ཚང་མའི་འཚོ་བར་ཁ་དོག་མི་ཉུང་བ་བསྣན་ཡོད།” མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྡེ་ལམ་དུ་བསྐྱོད་སྐབས། བསོད་ནམས་ཚེ་བརྟན་དགའ་ནས་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་སྡེ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཁོར་ཡུག་ཇེ་མཛེས་དང་སྡེ་མིའི་འཚོ་བ་ཇེ་སྐྱིད་རེད་ཟེར། །