རྐང་ཚ་མཚོ་སྐོར་བྱང་ངོགས་ཀྱི་སྐྱེ་ལྡན་ཕྱུགས་ར་ཆེས་ཆེ་ཤོས་སུ་གྱུར།
发布时间:2025年02月20日
消息来源:
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ2པའི་ཚེས17ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ1པོའི་ཚེས17ཉིན། རྐང་ཚ་རྫོང་ལ་རྒྱལ་ཁབ་ཁས་ལེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དཔང་འདོན་མངགས་བཅོལ་སྡེ་ཁག་གིས་སྤྲད་པའི་ཐག་གཅོད་ཡིག་ཆ་དང《སྐྱེ་ལྡན་ཐོན་རྫས་ཁས་ལེན་དཔང་ཡིག》སོ་སོ་ཐོབ། དཔང་ཡིག་དེས2025ལོར་ཁྲོམ་རར་སྐྱེ་ལྡན་སྐམས་ལུག་ཤའི་ཐོན་རྫས་སོ་སོར་ཏུན4429དང་ཏུན4081ཕྱིར་གཏོང་བྱས་ཆོག་གཏན་འབེབས་བྱས་ཤིང་། དཔང་ཡིག་དེ་ཐོབ་པས་གཞི་རྩའི་ཐོག་རྐང་ཚ་རྫོང་གི་སྐྱེ་ལྡན་ཕྱུགས་རའི་ས་ཁོངས་ཡོངས་ཀྱི་ཁས་ལེན་མངོན་འགྱུར་བྱུང་སྟེ་མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ལྡན་ཕྱུགས་ར་ཆེས་ཆེ་ཤོས་སུ་གྱུར་ཡོད་པ་མཚོན།
རྒྱུས་ལོན་པ་ལྟར་ན། རྐང་ཚ་རྫོང་གི་བེད་སྤྱོད་ཆོག་པའི་རྩྭ་རའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི63.79ཟིན་པ་དང་། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཆ་རྐྱེན་ལེགས་པོས་རྐང་ཚ་རྫོང་གི་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་མཁོ་འདོན་བྱས་ཡོད། 2015ལོར། རྐང་ཚ་རྫོང་གིས་སྔོན་ལ་སྐྱིད་སྨོན་དང་གཡུ་དཀར་འོམ་ལུང་ཡུལ་ཚོ་གཉིས་ཀྱི་ཆེད་ལས་མཉམ་ལས་ཁང10(སྡེ་བ10)ཡི་ཁྱིམ་ཚང1800ཙམ་བདམས་ཏེ། རྩྭ་ར་སྤྱི་ཆིང་ཁྲི24ཐོག་གསོ་སྤེལ་བྱས་པའི་ནོར་ལུག་ཁྲི28ལྷག་ཙམ་ལ་སྐྱེ་ལྡན་ཐོན་རྫས་ཀྱི་ཁས་ལེན་དོ་དམ་བྱས་པ་དང་། 2017ལོར་ནོར་ལུག་གསོ་སྤེལ་གྱི《སྐྱེ་ལྡན་བརྗེ་སྤོར་ཁས་ལེན་དཔང་ཡིག》ཐོབ། 2025ལོའི་བར་བསྟུད་མར་ལོ8ལ་རྒྱལ་ཁབ་ཁས་ལེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་མངགས་བཅོལ་སྡེ་ཁགCOFCCཡིས་སྤྲད་པའི《སྐྱེ་ལྡན་ཐོན་རྫས་ཁས་ལེན་དཔང་ཡིག》ཐོབ་པ་རེད། 2023ལོར་རྐང་ཚ་རྫོང་གིས་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་དང་སྤུས་ཚད་ཇེ་ལེགས་སུ་བཏང་ནས་སྐྱེ་ལྡན་ཁས་ལེན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྐང་ཚ་རྫོང་གི་ནོར་ལུག་ལ་སྐྱེ་ལྡན་ཁས་ལེན་དོ་དམ་བྱས་མེད་པའི་དཔལ་དགེ་གྲོང་རྡལ་དང་འོམ་ཆུ་གྲོང་རྡལ། མཚོ་འཁྱིལ་ཡུལ་ཚོ་བཅས་ཀྱི་ཁྱོན་སྡོམ་ནོར་ལུག་གསོ་སྤེལ་ཁྱིམ་ཚང5800ལྷག་གིས་སྤྱི་ཆིང་ཁྲི35.73ལྷག་གི་རྩྭ་རར་གསོ་སྤེལ་བྱས་པའི་ནོར་ལུག་ཁྲི35ཙམ་སྐྱེ་ལྡན་གསོ་སྤེལ་ཁས་ལེན་དོ་དམ་ཁྱབ་ཁོངས་སུ་ཚུད་པ་རེད།