ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་སྡེ་བཅོས་བསྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་ཏན་ཏིག་གིས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར།
(2025ལོའི་ཟླ1ཚེས1ཉིན།)
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་འབྱུང་བར་ངེས་པར་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། མིག་སྔར། ཞིང་ལས་ལ་ལོ་ལེགས་བྱུང་བ་དང་། ཞིང་སྡེ་འཆམ་མཐུན་བརྟན་འཇགས་ཡིན། དུས་མཚུངས་སུ་རྒྱལ་སྤྱིའི་ཁོར་ཡུག་རྙོག་དྲ་དང་ཛ་དྲག་ཆེ་བ་དང་། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་གཏན་འཇགས་མིན་ལ་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་ཕྱིན་ཡོད། ཉེན་ཁ་དང་འགྲན་སློང་ལ་ཇི་ལྟར་གདོང་གཏད་དགོས་ཚེ། “ཞིང་གསུམ”བྱ་བའི་རྨང་གཞི་དེ་ལྟར་ཇེ་བརྟན་ལ་གཏོང་དགོས། 2025ལོ་དང་དེ་རྗེས་ཀྱི་དུས་སྐབས་ཤིག་གི“ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ལག་ལེན་དོན་འཁྱོལ་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་གཏིང་ཟབ་པའི་སྒོ་ནས་ལག་ལེན་མཐར་ཕྱིན་དོན་འཁྱོལ་བྱེད་པ། ཏང་གིས“ཞིང་གསུམ”བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་པ། འཐུས་ཚང་དང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས། ཞིང་ལས་ཞིང་སྡེ་ཡི་འཕེལ་རྒྱས་དམིགས་སུ་འཛིན་པ་རྒྱུན་འཁྱོངས། གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་དང་ཞིང་ལས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་གཙོ་བོར་བཟུང་ནས་སྐུལ་འདེད་དང་། བཅོས་བསྒྱུར་སྒོ་འབྱེད་དང་ཚན་རྩལ་གསར་གཏོད་སྒུལ་ཤུགས་བྱས་ཏེ། ཞིང་སྡེ་ཡི་གཞི་རྩའི་ཚོང་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་། “བཟོ་འགོད་ཁྲི་སྟོང”གི་ཉམས་མྱོང་གཏིང་ཟབ་སྒོས་སློབ་སྦྱོང་དང་བེད་སྤྱད་བྱས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་དང་། གཞི་ཁྱོན་ཅན་གྱི་དབུལ་བོར་བསྐྱར་ལོག་དང་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བར་ཁག་ཐེག་བྱེད་པ། གྲོང་གསེབ་ཐོན་ལས་ཀྱི་འཕེལ་རྒྱས་ཆུ་ཚད་དང་གྲོང་གསེབ་འཛུགས་སྐྲུན་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་ཆུ་ཚད་བཅས་མཐོར་འདེགས་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཕན་འབྲས་ཇེ་མཐོ་དང་ཞིང་སྡེ་ལ་གསོན་ཤུགས་འཕེལ་བ། ཞིང་པའི་ཡོང་འབབ་འཕར་བ་བཅས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྨང་གཞིའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
དང་པོ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་འདོན་འགན་སྲུང་ནུས་པ་རྒྱུན་མཐུད་ནས་ཇེ་དྲག་ཏུ་གཏོང་དགོས།
(གཅིག)འབྲུ་སྣུམ་ལོ་ཏོག་གི་གཞི་ཁྱོན་ཆེན་པོའི་ཐོན་ཚད་མཐོར་འདེགས་གཏོང་བའི་འགུལ་སྐྱོད་གཏིང་ཟབ་སྒོས་སྐུལ་འདེད་གཏོང་བ། འབྲུ་རིགས་འདེབས་པའི་ས་ཞིང་གི་རྒྱ་ཁྱོན་བརྟན་འཇགས་དང་། མུའུ་རེའི་ཐོན་ཚད་དང་སྤུས་ཚད་མཐོར་འདེགས་གཙོ་བོར་འཛིན་པ་དང་། འབྲུ་རིགས་བརྟན་འཇགས་དང་ལོ་ལེགས་ཡོང་བར་ཁག་ཐེག་བྱེད་དགོས། འབྲུ་རིགས་མུའུ་རེའི་ཐོན་ཚད་མཐོར་འདེགས་གཏོང་བའི་བཟོ་འགོད་ལག་བསྟར་རྒྱ་ཁྱོན་སྔར་ལས་རྒྱ་བསྐྱེད་པ་དང་། ཐོན་ཚད་དང་ཕན་འབྲས་མཐོ་བའི་རྣམ་པ་གཅིག་བསྡུས་ཀྱིས་ཁྱབ་སྤེལ་བྱེད་ཚད་ལ་ཤུགས་སྣོན་པ། ཆུ་ལུད་གཞི་གཅིག་ཅན་ལ་སྐུལ་འདེད་བྱས་ནས་གཞི་ཁྱོན་ཆེན་པོའི་ཐོན་ཚད་འཕར་སྣོན་ལ་སྐུལ་འདེད་བྱེད་དགོས། སྐོར་གསར་པའི་རྒྱ་མ་དུང་ཕྱུར་སྟོང་ཅན་གྱི་འབྲུ་རིགས་ཐོན་ཚད་མཐོར་འདེགས་གཏོང་བའི་འོས་འགན་དོན་འཁྱོལ་བྱེད་པར་ཤུགས་སྣོན་དགོས། ཐབས་མང་མཉམ་སྤྱོད་ཀྱིས་སྲན་ཆེན་འདེབས་རྒྱ་བསྐྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སྐེ་ཚེ་དང་བ་དམ་གྱི་འདེབས་རྒྱ་བསྐྱེད་པའི་བག་ནུས་སྔོག་འདོན་དང་། སྣུམ་ལྡན་ཇ་ཤིང་སོགས་ཤིང་རིགས་སྣུམ་རྫས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། སྲིང་བལ་དང་མངར་ཆའི་རྒྱུ་ཆ། རང་བྱུང་འགྱིག་རྫས་སོགས་ཐོན་ཚད་བརྟན་འཇགས་དང་སྤུས་ཚད་མཐོར་འདེགས་ལ་སྐུལ་འདེད་བྱེད་དགོས།
(གཉིས)ཕྱུགས་ལས་བརྟན་འཇགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། ཕག་གི་ཐོན་ཚད་ལ་ལྟ་ཞིབ་དང་སྙོམས་སྒྲིག་གང་ལེགས་བྱེད་པ་དང་། བརྟན་འཇགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས། བཤས་ཕྱུགས་དང་བཞོན་མའི་ཐོན་ལས་ཀྱི་དཀའ་ཁག་སེལ་བ་དང་། རྨང་གཞིའི་ཐོན་ནུས་བརྟན་འཇགས་ཡོང་དགོས། སྲིན་མེད་འོ་མའི་རྒྱལ་ཁབ་ཚད་གཞི་དོན་འཁྱོལ་དང་། ཁྱིམ་ཚང་ཕྱུགས་ར་དང་ཞིང་པའི་མཉམ་ལས་ཁང་གཙོ་གཞི་ཡིན་པའི་འོ་མའི་ལས་རིགས་ཀྱི་གསོ་སྤེལ་ལས་སྣོན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། ཕག་བཤའ་བ་ལ་རིམས་བཤེར་གྱི་ཁྲིམས་བསྟར་ལྟ་ཞིབ་གཟབ་ནན་བྱེད་པ་དང་། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་དང་མི་ཕྱུགས་མཉམ་འགོས་ནད་གཙོ་བོར་བཟུང་ནས་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཤུགས་སྣོན་དགོས། གཟན་རྩྭའི་ཐོན་སྐྱེད་ནུས་པ་མཐོར་འདེགས་གཏོང་བ་དང་རྩྭ་ཐང་ཕྱུགས་ལས་ཀྱི་རིགས་བསྒྱུར་རིམ་སྤར་ཇེ་མགྱོགས་སུ་གཏོང་དགོས།
(གསུམ)རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་དགོས། རྨོ་ཞིང་སྤྱི་འབོར་ལ་དོ་དམ་ཚོད་འཛིན་དང“ཁ་གསབ་ལ་བརྟེན་ནས་ཞིང་སའི་རྨོ་ཚད་གཏན་འཁེལ”ནན་མོ་བྱས་ཏེ། རྨོ་ཞིང་རིགས་སྣ་ཚོགས་ཁ་གསབ་དང་རྨོ་ཚད་དོ་མཉམ་ཡོང་བར་བྱེད་པའི་གཅིག་གྱུར་དོ་དམ་གྱི་ཁོངས་སུ་བཅུག་ནས། ཞིང་ཆེན་མངའ་ཁོངས་ཀྱི་ལོ་འཁོར་རྨོ་ཞིང་སྤྱི་འབོར་གྱི་འགུལ་རྣམ་དོ་མཉམ་ཡོང་བར་ཁག་ཐེག་བྱེད་དགོས། རྨོ་ཞིང་གི་སྤུས་ཚད་ལ་གདེང་འཇོག་དང་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་འཐུས་ཚང་དུ་གཏོང་དགོས། “དྲོད་ཁང་ཆེན་པོ”དང་། རྨོ་ཞིང་བཙན་བཟུང་བྱས་ནས“མཛེས་ལྗོངས་བཟོ་བ”དང་རྨོ་ཞིང་གང་བྱུང་དུ་བཟུང་ནས་ཁང་པ་བསྐྲུན་པ་སོགས་ཀྱི་གནད་དོན་མུ་མཐུད་བཅོས་སྐྱོང་བྱས་ཏེ། རྨོ་ཞིང་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། གཞི་རྩའི་ཞིང་ལས་ལོ་ཏོག་གི་དཀར་ཆག་བཟོ་བ་དང་རྨོ་ཞིང་འདེབས་འཛུགས་ཀྱི་སྤྱོད་སྒོའི་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་དགོས། རིགས་དབྱེ་དང་གོ་རིམ་ལྡན་པའི་སྒོ་ནས་རྨོ་ཞིང“འབྲུ་རིགས་མིན་པ་ཅན་དུ་འགྱུར་བ”ལེགས་བཅོས་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་དང་ལོ་ཏོག་སྐྱེ་འཕེལ་གྱི་འཁོར་ཡུན་སོགས་ཟུང་འབྲེལ་བྱས་ནས་དགོས་ངེས་ཀྱི་བར་བརྒལ་དུས་ཡུན་འཛུགས་དགོས། སྤུས་ཚད་མཐོ་བའི་སྒོ་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འཛུགས་སྐྲུན་གྱི་ནང་དོན་ཇེ་ལེགས་སུ་གཏོང་བ། ཞིང་པ་ལས་གཞི་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ལས་གཞིའི་སྤུས་ཚད་དང་བརྒྱུད་རིམ་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཞིང་བ་ཚྭ་ཅན་གྱི་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཚོད་ལྟར་བརྟན་བརླིང་ངང་སྐུལ་འདེད་བཏང་ནས། བྱང་ཤར་ས་ནག་ཁུལ་གྱི་གྲོག་ཤུར་དང་ལྷོ་ཕྱོགས་ཀྱི་སྐྱུར་འགྱུར་ཞན་འགྱུར་རྨོ་ཞིང་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་དགོས། ས་རྒོད་བསྐྱར་དུ་རྨོ་བར་རིགས་དབྱེ་ནས་སྐུལ་འདེད་གཏོང་དགོས། ཞིང་ཆེན་མངའ་ཁོངས་ཀྱི་རྨོ་ཞིང་སྲུང་སྐྱོབ་ཀྱི་ལས་འགན་ཇེ་དམའ་རུ་མི་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་འོག བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་ཆུ་ལོག་གི་ཤུགས་རྐྱེན་ཐེབས་སླ་བའི་ཞིང་ས་ལས་ཕྱིར་འཐེན་བྱེད་དགོས། སྲོལ་རྒྱུན་གྱི་སྐས་ཞིང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།
(བཞི)ཞིང་ལས་ཚན་རྩལ་སྟོབས་ཤུགས་ཀྱིས་མཉམ་དུ་འགག་སྒྲོལ་བྱེད་པར་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྔོན་ཐོན་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱེད་པར་སྣེ་ཁྲིད་དེ། ཡུལ་བབ་དང་བསྟུན་ནས་ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། འགག་རྩའི་ལྟེ་བའི་ལག་རྩལ་ལ་ཐོད་བརྒལ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བར་དམིགས་པ་དང་། ཞིང་ལས་ཚན་རིག་ཞིབ་འཇུག་ཐོན་ཁུངས་ཀྱི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ།ཞིང་ལས་ཚན་རྩལ་སྣེ་ཁྲིད་ཁེ་ལས་གསོ་སྐྱོང་བཅས་བྱ་དགོས། ས་བོན་ལས་རིགས་དར་རྒྱས་གཏོང་བའི་འགུལ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ“ནན་ཧྥན་ཀུའེ་ཀུའུ”སོགས་ཞིང་ལས་ཚན་རིག་ཞིབ་འཇུག་སྟེགས་བུ་གལ་ཆེན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། ཚད་བརྒལ་རང་བཞིན་གྱི་སོན་རིགས་ཁག་གཅིག་མགྱོགས་མྱུར་ངང་ཁྱད་བསད་བྱེད་དགོས། སྐྱེ་དངོས་སོན་གསོ་ཐོན་ལས་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་གཏོང་དགོས། ཞིང་ལས་འཕྲུལ་འཁོར་སྒྲིག་ཆས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་ནས་ཐོན་པའི་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ཞིང་ལས་འཕྲུལ་འཁོར་སྒྲིག་ཆས་སོགས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ཇེ་མགྱོགས་སུ་གཏོང་བ། ཞིང་ལས་འཕྲུལ་འཁོར་རྙིང་པ་བེད་མེད་དུ་བཏང་ནས་གསར་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། བློ་གྲོས་ཞིང་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་མིས་བཟོས་རིག་ནུས་དང་། གཞི་གྲངས། དམའ་དབྱིངས་སོགས་ལག་རྩལ་བཀོལ་སྤྱོད་ལ་རྒྱབ་སྐྱོར་བྱེད་དགོས།
(ལྔ)ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་པ་དང་། གནོད་འཚེའི་ཉེན་ཁའི་ལྟ་ཞིབ་ཚད་ལེན་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་པ། ས་ཁོངས་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ལྟེ་གནས་སོགས་ཀྱི་སྟོབས་ཤུགས་བེད་སྤྱོད་ཡག་པོ་བྱས་ནས་གནོད་འཚེའི་གྱོང་གུན་ཚད་ཆེ་ཤོས་ཀྱིས་ཇེ་ཉུང་དུ་གཏོང་དགོས། དེང་རབས་ཅན་གྱི་འབྲུབ་འགོག་གནོད་འཕྲི་མ་ལག་འཛུགས་སྐྲུན་དང་། ཁྱོན་ཡོངས་ནས་ཉེན་ཁ་ཆེ་བའི་ཆུ་མཛོད་ཀྱི་ཉེན་ཁ་སེལ་ཞིང་སྲ་བརྟན་དུ་གཏོང་བ། ཆུ་བོ་ཆུང་འབྲིང་བཅོས་སྐྱོང་དང་ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་འཛུགས་སྐྲུན་བསྒྱུར་བཀོད་ལ་ཤུགས་སྣོན་པ།ཆུ་ལོག་གསོག་འཇོག་ཁུལ་གྱི་འགག་རྩའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་ནང་རྐྱེན་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། ཐང་གཞོངས་ཆུ་ལོག་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་སའི་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་དང་ཆུ་ཡུར་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། གནོད་འཚེ་ཕོག་པའི་ཞིང་ས་དང་ཡུར་རྐའི་སྒྲིག་བཀོད་ཞིག་གསོ་ཇེ་མགྱོགས་སུ་གཏོང་དགོས། ཞིང་སའི་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་ལོ་ཏོག་གི་གནོད་འབུའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་དང་གཅིག་གྱུར་འགོག་བཅོས་བྱ་བ་ལེགས་པོར་བསྒྲུབ་པ། ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་ནུས་པ་ཆེ་རུ་གཏོང་དགོས།
(དྲུག)འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། འབྲས་སོབ་དང་གྲོ་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་དོན་འཁྱོལ་དང་། མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་གྱི་ཁ་གསབ་དང་འབྲས་རིགས་ཀྱི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་བ། རྨོ་ཞིང་གི་ས་གཤིས་སྲུང་སྐྱོབ་ཀྱི་ཁ་གསབ་སྲིད་ཇུས་བརྟན་པོ་ཡོང་བ་བཅས་བྱ་དགོས། འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་གྱི་ཞིང་ལས་འགན་སྲུང་དང་རྫོང་རིམ་པའི་འགན་བཅོལ་གྲོན་དངུལ་ཁ་གསབ་འཁུར་ཚད་ཇེ་དམའ་རུ་བཏང་སྟེ། འབྲས་སོབ་དང་། གྲོ། མ་རྨོས་ལོ་ཏོག སྲན་ཆེན་བཅས་ཀྱི་མ་གནས་ཡོངས་རྫོགས་འགན་སྲུང་དང་འདེབས་འཛུགས་ཡོང་འབབ་འགན་སྲུང་གི་འགན་བཅོལ་རྒྱ་ཁྱོན་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། ས་གནས་ཀྱིས་འབྲུ་སྣུམ་འདེབས་འཛུགས་ཆེད་དོན་དངུལ་བུན་གྱི་སྐྱེད་ཀ་ཁ་གསབ་ཀྱི་ཚོད་ལྟ་བྱ་ཡུལ་འཛུགས་པར་སྐུལ་ལྕག་གཏོང་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོར་བྱ་དགའ་དང་ཁ་གསབ་སྐུལ་ལྕག་ལམ་ལུགས་འཐུས་ཚང་དུ་བཏང་ནས། འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་གཅིག་གྱུར་འཆར་འགོད་འོག་གི་འབྲུ་རིགས་ཐོན་སྐྱེད་ཉོ་ཚོང་ཁུལ་དང་ཞིང་ཆེན་བར་གྱི་ཁེ་ཕན་ཁ་གསབ་ལག་བསྟར་བྱེད་འགོ་བཙུགས་ནས། མ་དངུལ་གྲབས་གསོག་དང་བགོ་བཤའ་ལེགས་པོར་རྒྱག་དགོས། འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་རིམ་བཞིན་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལག་བསྟར་ཁྱབ་ཁོངས་རྒྱ་ཆེར་བསྐྱེད་དགོས།
(བདུན)ཞིང་ལས་ཐོན་རྫས་ཉོ་ཚོང་དང་ཐོན་སྐྱེད་མཐུན་སྦྱོར་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཕྱོགས་བསྡུས་སྒོས་ཐབས་ཇུས་ལག་བསྟར་བྱས་ནས་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་མཁོ་སྤྲོད་བརྟན་བརླིང་ཡོང་བ། འབྲུ་འདེབས་ཞིང་པའི་ཧུར་བརྩོན་རང་བཞིན་སྲུང་སྐྱོབ་བྱེད་པ། ཞིང་པའི་ཁེ་ཕན་སྲུང་སྐྱོབ་ཡག་པོ་བཅས་བྱ་དགོས། ཞིང་ལས་ཐོན་རྫས་ལྐོག་འདྲེན་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས། གྲུ་ཁའི་སྐྱེ་དངོས་བདེ་འཇགས་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཐོན་རྫས་དང་ཐོན་ལས་ཀྱི་གནོད་འཚེའི་སྔོན་བརྡའི་མ་ལག་འཐུས་ཚང་དུ་གཏོང་དགོས། གོ་རིམ་ལྡན་པའི་སྒོ་ནས་འབྲུ་རིགས་ཉོ་སྒྲུབ་ལེགས་པར་བྱས་ཏེ། གྲབས་གསོག་འབྲུ་རིགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་ཆ་འཕྲིན་ཁྱབ་སྒྲོག་དང་སྔོན་དཔག་ཁྲིད་སྟོན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།
(བརྒྱད)སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་དགོས། ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་ལག་ལེན་དུ་བསྟར་ནས། ཕྱོགས་མཚམས་ཡོངས་དང་ཐབས་ལམ་མང་པོའི་ཐོག་ནས་ཟས་རིགས་ཐོན་ཁུངས་གསར་སྤེལ་བྱ་དགོས། སྔོ་ཚལ་འཚུབ་བསྟུན་མཁོ་སྤྲོད་འགན་ལེན་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་ཆེ་འབྲིང་མཐའ་འཁོར་གྱི་དེང་རབས་སྒྲིག་བཀོད་ཀྱི་ཞིང་ལས་གསར་སྒྱུར་བཟོ་འགོད་ལག་བསྟར་བྱེད་དགོས། ཉ་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། གཏིང་ཟབ་པའི་རྒྱ་མཚོའི་གསོ་སྤེལ་འཕེལ་རྒྱས་ལ་རྒྱབ་སྐྱོར། མཚོ་ཐོག་གི་ཕྱུགས་ར་འཛུགས་སྐྲུན་བཅས་བྱ་དགོས། ནགས་ཚལ་ཟས་རིགས་འཕེལ་རྒྱས་བཏང་ནས། “ནགས་ཚལ་འབྲུ་མཛོད”ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཟས་སྤྱོད་ཤ་མོའི་ཐོན་ལས་སྤུས་འདེགས་ཕན་འཕར་ཡོང་བར་བྱས་ནས། ཆུ་སྐྱེས་སྔོ་རིགས་ཀྱི་ཟས་རིགས་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། སྐྱེ་དངོས་ཞིང་ལས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་ཟས་རིགས་ཐོན་ཁུངས་གསར་པ་གསར་འབྱེད་བྱ་དགོས།འབྲུ་རིགས་དང་ཟས་རིགས་ཆེན་པོའི་བསྡོམས་རྩིས་ལྟ་ཞིབ་ཚད་ལེན་མ་ལག་མགྱོགས་མྱུར་ངང་འཛུགས་དགོས། ཟས་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་སྨན་རྫས་ལྷག་རོ་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ། ཕྱུགས་སྤྱོད་སྲིན་འགོག་སྨན་རྫས་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་དགོས།
(དགུ)འབྲུ་རིགས་དང་ཟས་རིགས་གྲོན་ཆུང་བྱེད་པའི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཏན་ཏན་ཏིག་ཏིག་གིས་འབྲུ་རིགས་གྲོན་ཆུང་དང་ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་འགུལ་སྤྱོད་ལ་སྐུལ་འདེད་བཏང་སྟེ། སྐུལ་ལྕག་དང་ཚོད་འཛིན་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། བདེ་ཐང་གི་ཟས་རིགས་དར་སྤེལ་ཤུགས་ཆེར་གཏོང་བ་དང་། སྤྱི་པའི་ཟ་ཁང་དང་བཟའ་བཏུང་ལས་ཁུངས་སོགས་ཀྱི་སྣུམ་སྤྱོད་མཛུབ་ཁྲིད་ལ་ཤུགས་བསྣན་ཏེ། སྣུམ་དང་ཚྭ། མངར་ཆ་བཅས་ཉུང་གཏོང་དང་འབྲུ་སྣ་ཡོངས་རྫོགས་སོགས་ཀྱི་བཟའ་བཏུང་ཁྱབ་གདལ་གཏོང་དགོས། འབྲུ་རིགས་འཕྲུལ་འཁོར་གྱིས་བསྡུ་བའི་གྱོང་གུན་ཉུང་གཏོང་དང་། ལས་སྣོན་འོས་འཚམ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་གསོག་ཉར་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས།
གཉིས་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་བསྐྱེད་དགོས།
(བཅུ)གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དབུལ་འགྱུར་གྱི་མཐའ་ཚད་བརྟན་སྲུང་བྱ་དགོས། རྒྱུན་ཆད་མེད་པར“འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་འགན་སྲུང་གི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་བ་དང་། གཞན་སར་གནས་སྤོར་གྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་བསྣན་ཏེ། བསམ་བློ་བག་གཡེང་དང་ལས་དོན་ལྷོད་གཡེང་ལ་སྔོན་འགོག་བྱེད་དགོས། དབུལ་ལོག་དབུལ་འགྱུར་ལ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་ཕན་ནུས་ཆེ་རུ་གཏོང་བ་དང་། དབུལ་ལོག་དབུལ་འགྱུར་གྱི་ཉེན་ཁ་ཡོད་པའི་ཁྱིམ་ཚང་དག་དུས་ཐོག་ཏུ་རོགས་སྐྱོར་གྱི་ཁོངས་སུ་འཇུག་དགོས། དབུལ་འགོག་ལས་ཞུགས་ཀྱི་འགག་སྒྲོལ་འགུལ་སྐྱོད་གཏིང་ཟབ་སྤེལ་ནས། རོགས་སྐྱོར་འཁོར་ཁང་གི་ལས་ཞུགས་བསྡུ་ལེན་ནུས་པ་ཆེ་རུ་གཏོང་བ་དང་། དབུལ་ཕོངས་མི་འབོར་གྱི་ལས་སྒྲུབ་གཞི་ཁྱོན་དང་ཡོང་འབབ་བརྟན་པོ་ཡོང་བར་བཅས་བྱ་དགོས། སྲ་བརྟན་དང་རིམ་སྤོར། སླར་གསོ། ལེགས་སྒྲིག་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། རོགས་སྐྱོར་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བར་རིགས་དབྱེ་ནས་སྐུལ་འདེད་གཏོང་དགོས། ཚན་རྩལ་དང་། སྨན་བཅོས། སློབ་གསོ་བཅས་ཀྱི་ལས་བྱེད་པ་དང་འཇོན་མིའི“ཚོགས་སྒྲིག་རྣམ་པ”ཡི་རོགས་སྐྱོར་གཏིང་ཟབ་ཏུ་སྤེལ་བ་དང་། འཛད་སྤྱོད་རོགས་སྐྱོར་སྟེགས་བུའི་ཁེ་ལས་དང་ཐོན་རྫས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
(བཅུ་གཅིག)ཞིང་སྡེའི་བསྐྱར་དབུལ་དང་དབུལ་འགྱུར་སྔོན་འགོག་བྱེད་པའི་ནང་རྐྱེན་དང་། ཡོང་འབབ་དམའ་བའི་མི་འབོར། དར་རྒྱས་སུ་སོང་མེད་པའི་ས་ཁུལ་བཅས་ལ་རིམ་པ་དང་རིགས་དབྱེ་ནས་རོགས་སྐྱོར་བྱེད་པའི་ལམ་ལུགས་གཅིག་འདོམས་ཀྱིས་འཛུགས་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་སྤྱི་ཡོངས་ལ་དཔྱད་དཔག་བྱས་ཏེ། བར་བརྒལ་དུས་རིམ་རྗེས་ཀྱི་རོགས་སྐྱོར་སྲིད་ཇུས་མ་ལག་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས། ཞིང་སྡེའི་ཡོང་འབབ་དམའ་བའི་མི་འབོར་དང་བསྐྱར་དབུལ་དབུལ་འགྱུར་སྔོན་འགོག་བྱ་ཡུལ་གཅིག་གྱུར་གྱིས་དབྱེ་འབྱེད་དང་ངོས་འཛིན་བྱེད་དགོས། ནང་སྐྱེས་སྒུལ་ཤུགས་སློང་བར་མཐོང་ཆེན་བྱས་ཏེ། ངལ་རྩོལ་ནུས་པ་ལྡན་པའི་ཞིང་སྡེའི་ཡོང་འབབ་དམའ་བའི་མི་ལ་གསར་སྤེལ་རྣམ་པའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རོགས་སྐྱོབ་ཀྱི་མཐིལ་རྟོལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། དར་རྒྱས་ཞན་པའི་ས་ཁུལ་དར་རྒྱས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱེད་པ། རིམ་པ་དང་རིགས་དབྱེ་བའི་སྒོ་ནས་རོགས་སྐྱོར་ལམ་ལུགས་འཛུགས་པ། ཤར་ནུབ་མཉམ་འབྲེལ་དང་དམིགས་འཛུགས་རོགས་སྐྱོར་བྱེད་པ་སོགས་ཀྱི་ནང་རྐྱེན་བརྒྱུད་དེ་ཁྱད་པར་ཅན་བཏོད་ནས་རྒྱབ་སྐྱོར་བྱེད་དགོས།
(བཅུ་གཉིས)དབུལ་ཐར་འགག་སྒྲོལ་ཐད་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་གྲུབ་པའི་རྒྱུ་ནོར་གྱི་ཡུན་ཕན་དོ་དམ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། དབུལ་ཐར་འགག་སྒྲོལ་ཐད་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་གྲུབ་པའི་རྒྱུ་ནོར་ཕྱོགས་ཡོངས་ནས་གཙང་བཤེར་བྱས་ཏེ་གཅིག་གྱུར་གྱི་རྒྱུ་ནོར་ཐོ་འགོད་དོ་དམ་རྩིས་ཐོ་བཟོ་དགོས། རོགས་སྐྱོར་ལས་གཞིའི་རྒྱུ་ནོར་དོ་དམ་བྱེད་ཐབས་གཏན་འབེབས་བྱས་ཏེ། རྒྱུ་ནོར་གྱི་གྲུབ་ཚུལ་དང་དབང་ཆ་ངོས་འཛིན་བརྒྱུད་སྤྲོད། དོ་དམ་སྲུང་སྐྱོང་གཉེར་སྐྱོང་། ཁེ་ཕོགས་བགོ་བཤའ་རྒྱག་པ་སོགས་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས། གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་གྱི་རིན་ཐང་སྲུང་འཛིན་དང་ཕན་འབྲས་ཆེ་རུ་གཏོང་བ་དང་སྤྱི་ཕན་རང་བཞིན་གྱི་རྒྱུ་ནོར་གྱིས་མུ་མཐུད་དུ་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱུ་ནོར་རིགས་དབྱེ་ནས་བཀོལ་སྤྱོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ས་གནས་ཁག་གིས་ཕན་འབྲས་དམའ་བའི་བེད་མེད་རྒྱུ་ནོར་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་དགོས།
གསུམ་པ། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་རྒྱ་བསྐྱེད་དགོས།
(བཅུ་གསུམ)གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་དགོས། ཁྲོམ་རའི་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། ལྗང་མདོག་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་རིགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ལས་ཀྱི་སྤུས་ལེགས་ཟོང་རྟགས་བསྐྲུན་པའི་འཆར་གཞི་ལག་བསྟར་བྱེད་པ་བཅས་ཀྱིས། ཁྱད་ལྡན་ཞིང་ལས་ཐོན་ལས་ཁྱུ་ཚོགས་བསྐྲུན་པ་དང་ཞིང་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་དགོས། གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། རིག་གནས་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བར་ནུས་པ་འདོན་པའི་ཚོད་ལྟ་ཁུལ་སྤེལ་ཏེ། གྲོང་གསེབ་ཀྱི་ཡུལ་སྐོར་ཁྱད་ཆོས་ཅན་དང་། སྤུས་ལེགས་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། ཞིང་ལས་ཐོན་རྫས་དང་ཞིང་སྤྱོད་དངོས་ཟོག་གི་དེང་རབས་འཁོར་རྒྱུག་དྲ་རྒྱ་མགྱོགས་མྱུར་ངང་འཛུགས་པ་དང་། བྱེད་པོ་ཁག་གིས་མཐུན་སྦྱོར་ངང་མཁོ་སྤྲོད་འབྲེལ་ཐག་མཉམ་དུ་འཛུགས་པར་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེའི་གློག་རྡུལ་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
(བཅུ་བཞི)ཞིང་འབྲེལ་ཞིང་ཁྲིད་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། གསར་དུ་བྱུང་བའི་ཞིང་ལས་གཉེར་མཁན་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དེ་ཞིང་ཁྱིམ་གྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་པ་དང་འབྲེལ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། ཞིང་འབྲེལ་ཞིང་ཁྲིད་དེ་སྲིད་ཇུས་ཀྱི་ཁ་ཕྱོགས་སའི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། ཁེ་ལས་དང་ཞིང་པའི་མཉམ་ལས་ཁང་། ཁྱིམ་ཚང་ཞིང་ར། ཞིང་པ་སོགས་ཀྱིས་མཉམ་འབྲེལ་དམ་ཟབ་བྱེད་པར་ཁྲིད་སྟོན་བྱེད་པ་དང་། མཐའ་སྲུང་ཁེ་བགོ་དང་མ་རྐང་འཇོག་པ། ཞབས་ཞུའི་སྐུལ་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཞིང་པར་ཐོན་ལས་ཀྱི་རིན་ཐང་འཕར་བ་དང་ཡོང་འབབ་དེ་བས་མང་བ་ལོངས་སྤྱོད་དུ་འཇུག་དགོས། ཞིང་ལས་དང་ཞིང་སྡེའི་ཁྱབ་ཁོངས་ཀྱི་སྤྱི་ཚོགས་དངུལ་འཇོག་ཚད་ལྡན་དུ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ་ཉེན་ཁ་སྔོན་འགོག་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།
(བཅོ་ལྔ)ཞིང་པའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་དགོས། ཞིང་པས་ཁྱིམ་ཚང་གིས་གཉེར་བར་འཚམ་པའི་ཐོན་ལས་ལས་གཞི་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱས་ཏེ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཁྱིམ་ཚང་དཔལ་འབྱོར་དང་། ནགས་སའི་དཔལ་འབྱོར། འགྲུལ་ཁང་དཔལ་འབྱོར་བཅས་འཕེལ་རྒྱས་གཏོང་དགོས། ལས་གནས་བརྟན་པོ་དང་ལས་ཞུགས་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་ཞབས་ཞུ་དང་རྩོལ་པོ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱད་ལྡན་རྩོལ་པོའི་ཟོང་རྟགས་བསྐྲུན་པ་དང་འོས་སྦྱོར་བཅས་བྱེད་དགོས། ཁྱིམ་ཚང་ལ་ཞབས་ཞུ་བསྒྲུབ་པར་བསྟེན་ནས་ཞིང་ལས་དར་སྤེལ་གཏོང་བའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་དགོས། ལོ་ན་ཆེ་བའི་ཞིང་པར་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་པ་ཞོར་ལས་པའི་གླ་ཕོགས་སྟེར་བའི་འགན་སྲུང་ལམ་ལུགས་ཕྱོགས་ཡོངས་ནས་ཁེབས་པ་དང་ནུས་ལྡན་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་བཏང་སྟེ། གླ་ཕོགས་ཆད་པའི་གནད་དོན་སྣ་ཚོགས་ཁྲིམས་ལྟར་ཡོ་བསྲང་དང་བཅོས་སྐྱོང་བྱེད་དགོས། ཁྱད་ལྡན་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ལས་ཞུགས་ཤོང་ཚད་ཆེ་བའི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱས་ཏེ། ཞིང་པ་རང་ཡུལ་དང་ཐག་ཉེ་ས་ནས་ལས་ཞུགས་བྱེད་པ་དང་ཡོང་འབབ་འཕར་བར་ཡར་སྐུལ་བྱེད་དགོས། གྲངས་འཛིན་གྲོང་གསེབ་ཀྱི་ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་ཆེད་དོན་བྱ་འགུལ་ལག་བསྟར་བྱེད་དགོས། ལས་ཞུགས་ལ་བརྟེན་ནས་རོགས་སྐྱོར་བྱེད་པའི་ལས་གཞི་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། གཙོ་གནད་བཟོ་འགོད་ཀྱི་ལས་གཞི་དང་ཞིང་ལས་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་སུ་ལས་ཞུགས་རོགས་སྐྱོར་བྱེད་དགོས།
བཞི་པ། གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།
(བཅུ་དྲུག)རྫོང་ཁོངས་ཀྱི་གྲོང་བརྡལ་དང་གྲོང་གསེབ་བཀོད་སྒྲིག་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས། མི་འབོར་གྱི་འགྱུར་ལྡོག་དང་བསྟུན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ་དེ་རྣམ་པ་གསར་པའི་མཁར་གྲོང་ཅན་དང་ཟུང་འབྲེལ་དམ་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་། རྫོང་དང་ཞང་གི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱི་བར་སྟོང་གཅིག་གྱུར་འཆར་འགོད་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ནུས་པ་འདོན་སྤེལ་བྱས་ཏེ། མཁར་གྲོང་ཐོན་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ་གཞི་གཅིག་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། གྲོང་ཚོའི་འཆར་འགོད་སྒྲིག་ཁོངས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་གྲོང་ཚོའི་འཆར་འགོད་སྒྲིག་ཁོངས་ཁྱོན་ཡོངས་ལ་ཁེབས་དགོས་པའི་བླང་བྱ་བཏོན་མི་ཆོག་པ་དང་། སྒྲིག་ཁོངས་མི་དགོས་པའི་རིགས་ལ་རྫོང་དང་ཞང་གི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཁྲོད་ཀྱི་དོ་དམ་ཚོད་འཛིན་ལ་ཁྲིད་སྟོན་བྱེད་པའམ་ཡང་ན་ཀུན་འཕྲོད་རྣམ་པའི་དོ་དམ་གཏན་འབེབས་བཟོ་ཆོག གྲོང་ཚོ་འཛུགས་སྐྲུན་གྱི་གཙོ་གནད་དང་དམིགས་གསལ་གོ་རིམ་ལུགས་མཐུན་ངང་གཏན་འཁེལ་བྱས་ཏེ་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་གཅིག་གྱུར་འཆར་འགོད་བྱས་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་སྟངས་འཚོལ་ཞིབ་བྱེད་དགོས། རྨོ་ཞིང་གི་བསྡོམས་འབོར་ཇེ་ཉུང་དུ་མི་འགྲོ་བ་དང་ཡུན་གཏན་གྱི་གཞི་རྩའི་ཞིང་སའི་བཀོད་སྒྲིག་གཞི་རྩའི་ཆ་ནས་བརྟན་པོ་ཡིན་པའི་སྔོན་འགྲོའི་འོག རྫོང་ཁོངས་རེ་གཅིག་འདོམས་ཀྱི་ཚན་པ་རེ་བྱེད་པ་དང་ཞང་གྲོང་རེ་གཞི་རྩའི་ལག་བསྟར་གྱི་ཚན་པ་རེ་བྱེད་པའི་ས་ཁོངས་ཡོངས་ཀྱི་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས།
(བཅུ་བདུན)རྨང་གཞིའི་སྒྲིག་བཀོད་ཞིང་སྡེ་རུ་ཁྱབ་པར་སྐུལ་འདེད་གཏོང་དགོས། མཁར་གྲོང་གི་ཆུ་འདོན་གཞི་གཅིག་ཅན་དང་གཅིག་བསྡུས་ཀྱི་ཆུ་འདོན་ཚད་ལྡན་ཅན། རྣམ་པ་ཆུང་གྲས་ཀྱི་ཆུ་འདོན་ཚད་ལྡན་ཅན་བཅས་སུ་འཛུགས་སྐྲུན་བྱེད་པར་རིགས་དབྱེའི་སྐུལ་འདེད་གཏོང་བ་དང་། ཆ་རྐྱེན་འཛོམས་པའི་ས་གནས་སུ་ཞིང་སྡེའི་ཆུ་འདོན་རྫོང་ཁོངས་གཅིག་གྱུར་དོ་དམ་དང་ཆེད་ལས་ཅན་གྱི་དོ་དམ་སྲུང་སྐྱོང་ཁྱབ་སྤེལ་བཏང་ཆོག རེས་སྐོར་གསར་པའི་ཞིང་སྡེའི་གཞུང་ལམ་རིམ་སྤོར་འགུལ་སྐྱོད་བྱེད་པའི་བྱ་བ་ལག་བསྟར་བཟང་པོ་བྱེད་དགོས་ཤིང་། ཞིང་སྡེའི་གཞུང་ལམ་དང་དེ་མིན་ཟམ་པ་དང་ཕུག་ལམ་གྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་བྱས་ནས། “བཟང་པོ་བཞི་ལྡན་གྱི་ཞིང་སྡེའི་གཞུང་ལམ”སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། ཆ་རྐྱེན་འཛོམས་པའི་ཞང་གྲོང་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་། ཞིང་སྡེའི་ཆུ་ལམ་འགྲིམ་འགྲུལ་གྱི་ཕྱིར་སྐྱོད་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས། ཞིང་སྡེའི་འགྲུལ་ཟོག་སྦྲག་སྐྱེལ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། མྱུར་སྐྱེལ་གྲོང་ཚོ་རུ་ཐོན་དུ་འཇུག་པ་དང་གྲོང་ཚོ་རིམ་པའི་སྐུར་སྐྱེལ་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུ་ས་ཚིགས་འཛུགས་པར་ཤུགས་སྣོན་དགོས། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུད་འབྲེལ་གཉེར་སྐྱོང་བཀོད་སྒྲིག་གི་རྫོང་ཁོངས་ཚོང་རར་རྒྱབ་སྐྱོར་བྱས་ཏེ། འཁྱགས་སྦྲེལ་སྡེབ་སྐྱེལ་དང་དུས་ཐོག་སིལ་འཚོང་ཞང་གྲོང་དུ་ཁྱབ་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁྱིམ་སྤྱོད་གློག་ཆས་རྙིང་ཧྲུལ་སོགས་ཚུར་སྡུད་པའི་དྲ་བ་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་གློག་ཤུགས་འགན་སྲུང་ཆུ་ཚད་སྲ་བརྟན་དང་མཐོ་རུ་གཏོང་བ་དང་། ཞིང་སྡེའི་ཁྱབ་ཚུལ་རང་བཞིན་གྱི་སླར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཆ་རྐྱེན་འཛོམས་པའི་ས་གནས་སུ་སྤྱི་པའི་གློག་གསོག་བརྗེ་སྒྱུར་སྒྲིག་ཆས་བསྐྲུན་པར་སྐུལ་མ་གཏོང་དགོས། ཞིང་སྡེ་ས་ཁུལ་གྱི་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ཞིང་སྡེའི་ཉེན་ཁ་ཆེ་བའི་ཁང་པ་བསྒྱུར་བཀོད་དང་ཞིང་པའི་སྡོད་ཁང་གི་ཡོམ་འགོག་བསྒྱུར་བཀོད་མུ་མཐུད་དུ་ལག་བསྟར་བྱས་ཏེ། གནོད་འཚེ་ཕོག་ཁུལ་གྱི་གཏོར་བརླག་ཐེབས་པའི་སྡོད་ཁང་བསྐྱར་སྐྲུན་སླར་གསོ་བཟང་པོ་བྱེད་དགོས།
(བཅོ་བརྒྱད)ཞིང་སྡེའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ས་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་དང་མེ་འགོག་མེ་གསོད། བདེ་འཇགས་སོགས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་ནས། དགོས་ངེས་ཀྱི་ཞིང་སྡེའི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ལེགས་པོར་གཉེར་དགོས། ཞིང་སྡེའི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བསྒྱུར་བྱེད་པའི་འཆར་གཞིའི་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཟས་རིགས་བདེ་འཇགས་དང་མ་དངུལ་ཚད་ལྡན་ངང་བེད་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས། མི་སྣ་གཞི་རིམ་དུ་བསྐྱོད་པ་གཙོ་གནད་དུ་བཟུང་ནས་དམ་ཚགས་ཅན་གྱི་རྫོང་ཁོངས་སྨན་བཅོས་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ལྟེ་བའི་ཞང་གྲོང་འཕྲོད་བསྟེན་ཁང་གི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ། རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་བསྟུན་ཐག་གཅོད་ནུས་པ་ཆེ་རུ་བཏང་སྟེ། དམངས་ཡོངས་ཀྱི་ལུས་སྦྱོང་དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་པ་དང་། བསྟུད་མར་འགན་བཅོལ་ནང་ཞུགས་པ་དང་ལོ་དེར་རྩིས་ཞུ་མེད་པའི་ཞིང་སྡེའི་སྡོད་དམངས་ལ་ལོ་རྗེས་མའི་ནད་ལྕི་མོའི་འགན་བཅོལ་གྱི་ཆེས་མཐོའི་གཏོང་སྤྲོད་བཅད་གྲངས་མཐོ་རུ་གཏོང་དགོས། གྲོང་རྡལ་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་རིམ་བཞིན་མཐོ་རུ་གཏོང་དགོས། རྫོང་དང་ཞང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་བ་དང་། རྫོང་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་གསར་གཏོད་ཚོད་ལྟ་བྱས་ཏེ། གྲོང་ཚོ་རིམ་པའི་རོགས་རེས་རང་བཞིན་གྱི་རྒན་གསོའི་ཞབས་ཞུ་སྤེལ་བར་སྐུལ་མ་གཏོང་དགོས། ཞིང་སྡེའི་ཕྲུ་གུར་ལྟ་སྐྱོང་བྱེད་པའི་ཞབས་ཞུ་འཕེལ་རྒྱས་གཏོང་དགོས།ནར་མ་སོན་པའི་མིའི་རོགས་སྐྱོར་སྲུང་སྐྱོང་སྒྲིག་གཞིའི་ཁེབས་རྒྱ་ཆེ་རུ་བཏང་ནས། ཁྱིམ་བསྐྱུར་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། དབང་བོ་སྐྱོན་ཅན་ལ་འགན་སྲུང་དང་ཁམས་གསོར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།
(བཅུ་དགུ)ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་དང་ཞིང་སྡེའི་སྦགས་བཙོག་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་གཏིང་ཟབ་ངང་ཡག་པོར་བརྒྱབ་ནས། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་དང་མཐོར་འདེགས་གཏོང་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། ཞིང་སྡེའི་གསང་སྤྱོད་བཅོས་བསྒྱུར་ལག་བསྟར་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཅན་གྱི་དོ་དམ་སྲུང་སྐྱོང་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཞིང་སྡེའི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་སྟངས་འདེམས་པ་དང་། གསང་སྤྱོད་ཀྱི་སྦགས་བཙོག་དང་འཚོ་བའི་བཙོག་ཆུ་མཐུན་སྦྱོར་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་སྡེའི་གཞི་ཁྱོན་ཅུང་ཆེ་བའི་ཆུ་ཉོག་དྲི་ངན་ཅན་ཕལ་ཆེར་མེད་པར་བཟོ་དགོས། ཞིང་སྡེའི་འཚོ་བའི་གད་སྙིགས་འབྱུང་ཁུངས་ཇེ་ཉུང་དུ་གཏོང་བ་དང་། ས་གནས་དང་ཐག་ཉེ་ས་ནས་ཐག་གཅོད་བྱེད་དགོས། ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་ངོས་ཁུངས་སྦགས་བཙོག་འབུར་དུ་ཐོན་པའི་ས་ཁོངས་མ་ལག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱུགས་རིགས་དང་ཁྱིམ་བྱའི་ལྕི་ལུད་ཐོན་ཁུངས་ཅན་དུ་བེད་སྤྱོད་དང་ཆུ་ཐོན་གསོ་སྤེལ་གྱི་ཆུ་སྙིགས་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་སའི་ས་རྒྱུ་ལ་ཐེབས་པའི་ལྕགས་རིགས་ཀྱི་སྦགས་བཙོག་ལ་འབྱུང་ཁུངས་རྗེས་འདེད་དང་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་དགོས། སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་བསྲེག་མི་ཆོག་པའི་ཁྱབ་ཁོངས་གནད་ལ་འཁེལ་བའི་སྒོ་ནས་དབྱེ་འབྱེད་བྱས་ཏེ། བསྲེག་མི་ཆོག་པའི་དོ་དམ་ཚོད་འཛིན་གྱི་བླང་བྱ་ཁྲིམས་དང་སྒྲིག་སྲོལ་ལྟར་དོན་འཁྱོལ་བྱེད་དགོས། “བྱང་གསུམ”བཟོ་འགོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཐོན་ཁུངས་མཐུན་སྦྱོར་དང་མཉམ་འགོག་མཉམ་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐྱེ་ཁམས་དྭངས་གཙང་གི་འབབ་རྒྱུད་ཆུང་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ལོ་བཅུའི་འབྲི་ཆུའི་ཀླུང་རྒྱར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་བཏང་ནས། འབྲི་ཆུའི་སྲོག་ཆགས་དཀོན་གྲས་སྲུང་སྐྱོབ་དང་འཚོ་གནས་གལ་ཆེན་གྱི་སྐྱེ་ཁམས་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས།
ལྔ་པ། གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་ཤུགས་སྣོན་དགོས།
(ཉི་ཤུ)ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས། རྫོང་རིམ་པའི་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་འགན་འཁུར་ཡུན་གཏན་འཇགས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ཞང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ནས། ན་གཞོན་ལས་བྱེད་པ་ཁག་ཅིག་ཞིང་སྡེ་དང་གཞི་རིམ་དུ“ས་ཆུ་མི་འཕྲོད་པའི”གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱེད་དགོས།རྒྱལ་ཡོངས་ཀྱི་སྡེ་བའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་བའི་ལས་དོན་ལེགས་པོར་སྒྲུབ་པ་དང་། ཉམས་ཞན་དང་ཐར་ཐོར་གྱི་སྡེ་བའི་ཏང་རྩ་འཛུགས་གཅིག་སྡུད་ཀྱིས་དག་ཐེར་བྱས་ཏེ། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག་གིས་ཁག་ཁུར་ལས་སྒྲུབ་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཏང་ཡོན་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་དགོས། གཞི་རིམ་གྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་ནས། སྡེ་བའི་ལས་བྱེད་པ་དང་ལྷག་པར་དུ“འགན་ཁུར་པ་གཙོ་བོར”དོ་དམ་དང་ལྟ་སྐུལ་ནན་མོ་བྱེད་དགོས། སྡེ་བའི་ལས་དོན་ཡོངས་བསྒྲགས་དང་དམངས་གཙོའི་གྲོས་མོལ་ལམ་ལུགས་སྔར་བས་འཐུས་ཚང་དུ་བཏང་ནས། ཞིང་པ་མང་ཚོགས་ཐབས་ལམ་མང་པོའི་ཐོག་ནས་སྡེ་བ་རིམ་པའི་གྲོས་མོལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། གྲོང་གསེབ་དར་སྤེལ་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་ངན་པ་དང་རུལ་སུངས་ཀྱི་གནད་དོན་མུ་མཐུད་དུ་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། སྡེ་བར་སྐོར་ཞིབ་ཏན་ཏིག་བྱེད་པ་དང་། དུས་རབས་གསར་པའི་ཞིང་སྡེའི་གཞི་རིམ་ལས་བྱེད་པས་འགན་འཁྲི་གཙང་སྒྲུབ་བྱེད་པའི་ཚད་གཞི་ཞིབ་ཕྲ་དང་འཐུས་ཚང་དུ་གཏོང་དགོས།
(ཉེར་གཅིག)ཕྱི་ཚུལ་རིང་ལུགས་མུ་མཐུད་དུ་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཞང་དང་གྲོང་རྡལ(སྲང་ལམ)གྱི་འགན་འཁྲི་སྒྲུབ་པའི་དོན་ཚན་གྱི་ཞིབ་ཐོ་འཛུགས་པ་དང་། ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་དཔྱད་དཔོག་བྱེད་ཤུགས་ཆེ་རུ་བཏང་ནས། འགུལ་རྣམ་ལེགས་སྒྲིག་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། རྫོང་དང་ཤང་ནས་ལས་མི་གཡར་སྤྱོད་བྱེད་པར་དོ་དམ་དང་ཚོད་འཛིན་ནན་མོ་བྱེད་པའི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། གཞི་རིམ་ལ་ལྟ་སྐུལ་དང་ཞིབ་བཤེར། དཔྱད་ཞིབ་བྱེད་པར་ཚོད་འཛིན་ནན་མོ་བྱས་ཏེ། ཞིང་ལས་དང་འབྲེལ་བ་ཡོད་པའི་དཔྱད་ཞིབ་གཅིག་བསྡུས་ལེགས་སྤེལ་བྱེད་དགོས། “འདེམས་ཤོག་གཅིག་གིས་ཐག་གཅོད་པ”དང་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པའི་ལས་དོན་གྱི་གཙང་བཤེར་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། གཞི་རིམ་ལ་ཁ་གཏད་པའི་སྲིད་དོན་ཉེར་སྤྱོད་གོ་རིམ་གཙང་བཤེར་དང་ཧྲག་སྡེབ་བྱས་ཏེ། “མཛུབ་མོའི་སྟེང་གི་ཕྱི་ཚུལ་རིང་ལུགས”ལ་མུ་མཐུད་དུ་བཅོས་སྐྱོང་གཏིང་ཟབ་བྱེད་དགོས། ཞིང་སྡེ་དང་གཞི་རིམ་གྱི་དྲ་མིག་ཅན་གྱི་བཅོས་སྐྱོང་དེ“དྲ་མང་གཅིག་ཏུ་སྡུད་པར”སྐུལ་འདེད་གཏོང་དགོས། “གོང་འཕྲི་འོག་གསབ”སོགས་ཀྱི་བྱེད་ཐབས་བརྒྱུད་དེ་སྒྲིག་ཁོངས་ཐོན་ཁུངས་ཞང་དང་གྲོང་རྡལ(སྲང་ལམ)ལ་ཕྱོགས་པར་སྐུལ་འདེད་བཏང་སྟེ། རིགས་དབྱེ་དོ་དམ་དང་གཅིག་གྱུར་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་དགོས།
(ཉེར་གཉིས)ཡུལ་སྲོལ་ཡག་པོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དུས་རབས་གསར་པའི་ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྔར་བས་ཤུགས་སྣོན་པ་དང་། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་སྲོལ་ཡག་པོ་འཛུགས་སྐྲུན་བྱེད་པའི་བཟོ་འགོད་ལག་བསྟར་བྱས་ཏེ། ཏང་གི་གསར་གཏོད་རིག་གཞུང་སྔར་བས་མི་སེམས་སུ་ཟུག་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་ལག་ལེན་བསྟར་བར་སྐུལ་འདེད་གཏོང་དགོས། དུས་རབས་ཀྱི་སྤྱོད་ཚུལ་གསར་པ་དང་རྣམ་པ་གསར་པ་གསོ་སྐྱོང་བྱེད་པ་དང་།“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”ཅེས་པ་སོགས་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་བཏང་ནས། འཆམ་མཐུན་ཁྱིམ་ཚང་དང་འཆམ་མཐུན་ཁྱིམ་མཚེས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། རིག་གནས་ཐོན་ཁུངས་སྤུས་ལེགས་གཞི་རིམ་ལ་ཐད་ཀར་འབྱོར་བའི་ནང་རྐྱེན་འཛུགས་པ་དང་། ཞིང་སྡེའི་རིག་གནས་ཞབས་ཞུ་དང་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།“ཟློས་གར་ཞིང་སྡེར་བསྐྱོད་པ”སོགས་རིག་གནས་ཀྱི་དམངས་ཕན་བྱ་འགུལ་གསར་གཏོད་བྱེད་པ། ཞིང་སྡེའི་རིག་གནས་ཀྱི་ཤེས་ལྡན་མི་སྣར་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་པ། མང་ཚོགས་རང་བཞིན་གྱི་རིག་རྩལ་བྱ་འགུལ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་བཅས་བྱེད་དགོས། སྲོལ་རྒྱུན་སྡེ་བའི་ཁྱད་ལྡན་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་གསོན་ཉམས་ལྡན་པར་བེད་སྤྱོད་རྒྱུར་ཤུགས་བསྣན་ནས། གྲོང་གསེབ་ཀྱི་རིག་རྫས་སྲུང་སྐྱོབ་བཟོ་འགོད་ལག་བསྟར་གཏིང་ཟབ་བྱེད་དགོས།
(ཉེར་གསུམ)ཞིང་སྡེའི་སྲོལ་ངན་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་གཉེན་སྒྲིག་སློང་རྟེན་མཐོ་བའི་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གུང་གཞོན་ཚོགས་པ་སོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཞིང་སྡེའི་གཉེན་བསྒྲིག་རན་པའི་ཚོགས་སྤྱིའི་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་དང་ཐུགས་ཁུར་གཅེས་སྐྱོང་ལ་ཤུགས་སྣོན་དགོས། གཉེན་སྒྲིག་ཕྱོགས་ཀྱི་མགོ་སྐོར་སོགས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་བྱེད་ཤུགས་ཆེ་རུ་གཏོང་དགོས། མེས་པོའི་མཆོད་ཁང་ལ་ཚད་ལྡན་དོ་དམ་བྱེད་པར་ཤུགས་སྣོན་དགོས། དུར་འཇུག་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཕན་རང་བཞིན་གྱི་སྐྱེ་ཁམས་དུར་འཇུག་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། སྐྱེས་འབུལ་འགྲན་རེས་བྱེད་པ་དང་རྒྱས་སྤྲོས་རྒྱས་བཤོམ། དུར་སྦས་གཙོ་བོ་དང་གཉོར་སྐྱོང་ཕལ་བ། དུར་སྦས་གང་བྱུང་དུ་བྱེད་པ་སོགས་མངོན་གསལ་དོད་པའི་གནད་དོན་མུ་མཐུད་དུ་བཅོས་སྐྱོང་བྱས་ཏེ། ཚོད་འཛིན་རང་བཞིན་གྱི་ཚད་གཞི་དང་དར་སྤེལ་རང་བཞིན་གྱི་ཚད་གཞི་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་འཁྲབ་སྟོན་ཁྲོམ་ར་ཚད་ལྡན་དུ་བཏང་ནས་ཐ་ཤལ་གྱི་འཁྲབ་སྟོན་བྱ་འགུལ་བཅོས་སྐྱོང་གཏིང་ཟབ་བྱེད་དགོས། ཞིང་སྡེའི་ཚན་རིག་ཁྱབ་གདལ་གྱི་གཡུལ་ས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་ལ་རྒོལ་དགོས།
(ཉེར་བཞི)ཞིང་སྡེའི་བརྟན་བརླིང་ཞོད་འཇགས་སྲུང་སྐྱོང་བྱེད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། ཞིང་སྡེའི་འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆ་འཕྲིན་མཉམ་སྤྱོད་དང་མཐུན་སྦྱོར་ཐག་གཅོད་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། དགེ་མཚན་ལྡན་ཞིང་སྐྱོན་བྲལ་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས། ཞིང་སྡེ་ས་ཁུལ་གྱི་ནག་འཇོམས་ངན་སེལ་རྒྱུན་ལྡན་ཅན་གྱི་ནང་རྐྱེན་འཐུས་ཚང་དུ་བཏང་ནས“ཞིང་སྡེའི་དབང་ཤེད་ཅན”དང་ཁྱིམ་རྒྱུད་དང་རུས་རྒྱུད་ཀྱི་ནག་ཚོགས་སྟོབས་ཤུགས་དར་ཁྱབ་ཏུ་འགྲོ་བར་ཉེན་ཟོན་བཀག་འགོག་བྱེད་དགོས། ཞིང་སྡེའི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།ཞིང་སྡེའི་རྒྱན་འགྱེད་ལ་རྡུང་རྡེག་དང་བཅོས་སྐྱོང་གཏིང་ཟབ་བྱེད་པ་དང་། ཞིང་སྡེའི་དུག་འགོག་འཛིང་རགས་བརྟན་པོ་འཛུགས་པ། ཞིང་ལས་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བརྒྱུད་ཚོང་དང་གཡོ་བསླུ་སོགས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་ནན་མོ་གཏོང་བ་བཅས་བྱེད་དགོས། ཞིང་སྡེའི་འཕྲལ་བསྟུན་དོ་དམ་རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་བགྲོད་ལམ་འགྲིམ་འགྲུལ་དང་འབར་རླངས། མེ་གསོད། རང་བསྐྲུན་ཁང་པ་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁའི་འབྱུང་ཁུངས་དོ་དམ་ཚོད་འཛིན་དང་ཞིབ་བཤེར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
དྲུག་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་འཐུས་ཚང་དང་སྡེབ་སྒྲིག་གི་སྒྲིག་སྲོལ་དང་ནང་རྐྱེན་ཇེ་ལེགས་སུ་གཏོང་བར་ཤུགས་སྣོན་དགོས།
(ཉེར་ལྔ)ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་པོ་དང་འཐུས་ཚང་དུ་གཏོང་དགོས།“བརྟན་བརླིང་ཆེན་པོ་དང་ལེགས་སྒྲིག་ཆུང་བ”རྒྱུན་འཁྱོངས་བྱས་ཏེ། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་རྫོགས་རྗེས་ད་དུང་ལོ་ངོ་སུམ་ཅུར་བསྲིང་བའི་ཚོད་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་ཚོད་ལྟའི་ཁྱབ་ཁོངས་རྒྱ་བསྐྱེད་པ། འགན་གཙང་ལེན་བསྲིང་པའི་ཁྲོད་ཀྱི་འགལ་བ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱས་ཏེ། ཞིང་ཁྱིམ་མང་ཆེ་བའི་འགན་གཙང་ལེན་ས་ཞིང་སྤྱི་ཡོངས་ནས་རིམ་བཞིན་ནར་འགྱངས་སུ་གཏོང་བ་དང་བརྟན་བརླིང་རྒྱུན་འཁྱོངས་ལ་འགན་ལེན་བྱེད་དགོས། འགན་གཙང་ལེན་བྱས་པའི་ས་ཆའི་གཉེར་སྐྱོང་དབང་ཆ་འཁོར་རྒྱུག་གི་དོ་དམ་ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་ལས། དམིགས་ཚད་དང་ལས་འགན་གཏན་འཁེལ་སོགས་ཀྱི་བྱེད་ཐབས་བརྒྱུད་ས་ཞིང་འཁོར་རྒྱུག་ལ་སྐུལ་འདེད་གཏོང་མི་ཆོག འཁོར་རྒྱུག་རིན་གོང་སྟོན་གྲངས་ཁྱབ་སྒྲོག་དང་དངོས་པོར་ཕབ་པའི་བོགས་དངུལ་རྩིས་རྒྱག་སོགས་ཀྱི་བྱེད་ཐབས་བརྒྱུད་འཁོར་རྒྱུག་འགྲོ་གྲོན་ལུགས་མཐུན་གྱི་ཆུ་ཚད་དུ་གཏན་འཇགས་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་གསོ་སྐྱོང་བྱས་ནས་ཞིང་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། ཞིང་ཁྱིམ་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།
(ཉེར་དྲུག)ཞིང་སྡེའི་ཐོན་ཁུངས་དང་རྒྱུ་ནོར་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་དགོས། ཁང་པ་དང་ས་ཞིང་གཞི་གཅིག་ཅན་གྱི་ཁང་སའི་བདག་དབང་གཏན་འབེབས་ཐོ་འགོད་དང་དཔང་ཡིག་སྤྲོད་པའི་བྱ་བ་ཏན་ཏིག་ངང་ལེགས་པོར་སྒྲུབ་པ། ཞིང་ཁྱིམ་ལ་ཁྲིམས་མཐུན་ངང་དབང་བའི་ཁང་པ་བོགས་མར་གཏོང་བ་དང་མ་རྐང་ནང་ཞུགས་པ། མཉམ་ལས་སོགས་བྱ་ཐབས་བརྒྱུད་ནས་བེད་སྤྱོད་ནུས་ལྡན་བྱེད་པའི་རྣམ་པ་འཚོལ་ཞིབ་བྱེད་པ། གྲོང་རྡལ་སྡོད་དམངས་ཀྱིས་ཞིང་སྡེར་ཁང་པ་དང་ཁང་ས་ཉོས་མི་ཆོག་པ། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པས་ཞིང་སྡེར་ས་ཞིང་བཟུང་ནས་སྡོད་ཁང་བསྐྲུན་མི་ཆོག་པ། ཞིང་སྡེའི་ཐུན་མོང་དཔལ་འབྱོར་གྱི་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་ཁྲོམ་འགྲེམ་གྱི་བཅོས་བསྒྱུར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། ཡོང་འབབ་བགོ་བཤའ་རྒྱག་པ་དང་ཁེ་དབང་སྲུང་སྐྱོབ་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་རྣམ་པ་གསར་པའི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཐུན་མོང་ཡོང་འབབ་ལ་འགྱུར་མེད་དམིགས་ཚད་མི་འདོན་པར་ཐུན་མོང་བདག་གཉེར་གྱི་ཉེན་ཁ་དང་བུ་ལོན་ལ་ཚོད་འཛིན་ནན་མོ་བྱེད་པ། ཞིང་སྡེའི་ཐུན་མོང་མ་དངུལ་དང་རྒྱུ་ནོར། ཐོན་ཁུངས་བཅས་དོ་དམ་གྱི་ཆེད་དོན་བཅོས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། གསར་དུ་འཕར་བའི་རྨོ་ཞིང་ཚད་ལྡན་སྒོས་དོ་དམ་དང་ལུགས་མཐུན་སྒོས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས།
(ཉེར་བདུན)གྲོང་གསེབ་དར་སྤེལ་གྱི་དངུལ་གཏོང་དང་དངུལ་སྡུད་ནང་རྐྱེན་གསར་དུ་གཏོད་དགོས། ཞིང་ལས་དང་ཞིང་སྡེའི་ཁྱབ་ཁོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་མ་དངུལ་གཏོང་བར་དམིགས་བསལ་འགན་སྲུང་བྱས་ཏེ། བྱས་འབྲས་དོ་དམ་གྱི་སྐུལ་ལྕག་དང་ཚོད་འཛིན་གྱི་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་སྔོན་རྩིས་ནང་གི་དངུལ་གཏོང་དང་། རྒྱུན་རིང་ལས་བརྒལ་བའི་དམིགས་བསལ་རྒྱལ་བུན་དང་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་གྱིས་ཞིང་ལས་དང་ཞིང་སྡེའི་ཁྱབ་ཁོངས་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་བུན་བསྐྱར་མ་དང་། དུས་མ་ཟིན་པའི་སྐྱེད་ཀ་བསྐྱར་མ། ཧེ་བག་ཅན་གྱི་བཅོལ་དངུལ་གྲབས་གསོག་མ་དངུལ་གྱི་ཚད་སོགས་དངུལ་ལོར་སྲིད་ཇུས་ཀྱི་ལག་ཆ་སྤྱད་དེ། དངུལ་རྩའི་སྒྲིག་གཞིས་གྲོང་གསེབ་དར་སྤེལ་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། དངུལ་རྩའི་སྒྲིག་གཞིས“ཞིང་གསུམ”གྱི་ཆེད་དོན་དངུལ་རྩའི་བུན་འཛིན་འགྲེམ་སྤེལ་ལ་རྒྱབ་སྐྱོར་བྱེད་དགོས། ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱིས་གྲོང་གསེབ་དར་སྤེལ་གྱི་བུན་འཛིན་འགྲེམ་སྤེལ་བྱེད་པར་སྐུལ་མ་གཏོང་དགོས། ཞིང་སྡེའི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཞིང་ལས་དང་འབྲེལ་བ་ཡོད་པའི་ཡིད་རྟོན་ཆ་འཕྲིན་བསྡུ་རུབ་མཉམ་སྤྱོད་བྱེད་པར་ཤུགས་སྣོན་སྣོན་དགོས། ཕྱུགས་རིགས་དང་ཁྱིམ་བྱ། ཞིང་ལས་སྒྲིག་བཀོད་སོགས་གཏའ་འཇོག་དངུལ་སྡུད་དངུལ་བུན་ཁྱབ་གདལ་གཏོང་དགོས། ཞིང་སྡེའི་དངུལ་ཁང་ཆུང་འབྲིང་གིས་ཞིང་ལས་ལ་རྒྱབ་སྐྱོར་གྱི་གནས་ཐིག་གཏན་འཁེལ་རྒྱུན་འཁྱོངས་བྱས་ཏེ། “ཞིང་ཆེན་རེར་སྲིད་ཇུས་རེ”ཡིས་ཞིང་སྡེའི་ཡིད་རྟོན་ཁང་གི་བཅོས་བསྒྱུར་ཇེ་མགྱོགས་སུ་བཏང་ནས། སྡེ་བ་དང་གྲོང་རྡལ་དངུལ་ཁང་གི་བཅོས་བསྒྱུར་བསྐྱར་སྒྲིག་ལ་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། རིམ་པ་མང་བའི་ཞིང་ལས་འགན་བཅོལ་མ་ལག་འཐུས་ཚང་དུ་བཏང་ནས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་འགན་བཅོལ་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེའི་ཁྲིམས་འགལ་གྱི་དངུལ་རྩའི་བྱ་འགུལ་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་དགོས། ཞིང་ལས་དང་འབྲེལ་བའི་མ་དངུལ་ལས་གཞིའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ནས། ཞིང་ཕན་མ་དངུལ་གཡོ་ལེན་དང་བཀག་ཉར། གཞན་སྤྱོད་སོགས་ཀྱི་གནད་དོན་དག་ཐེར་ཤུགས་ཆེན་བྱེད་དགོས།
(ཉེར་བརྒྱད)གྲོང་གསེབ་འཇོན་མི་སྐྱེད་སྲིང་དང་འཕེལ་རྒྱས་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་དར་སྤེལ་གྱི་འཇོན་མིར་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་བྱས་ནས། ཞིང་པའི་ལག་རྩལ་དང་ནུས་རྩལ་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། ཞིང་སྡེའི་རིགས་སོ་སོའི་ཆེད་ལས་འཇོན་མི་དང་ཉེར་མཁོའི་འཇོན་མིའི་དཔུང་སྡེ་སྟོབས་ཆེར་གཏོང་དགོས། གྲོང་གསེབ་ཀྱི་ལག་ཤེས་པ་སྐྱེད་སྲིང་བྱེད་པའི་བཟོ་འགོད་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་དགོས་མཁོ་ཁྲིད་སྟོན་དུ་བརྩིས་ནས་ཞིང་འབྲེལ་རིག་ཚན་གྱི་ཆེད་ལས་ལེགས་སྒྲིག་བྱེད་དགོས། ཞིང་འབྲེལ་ལས་རིགས་སློབ་གསོའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས་ལས་རིགས་ལག་རྩལ་སློབ་གྲྭ་དང་ཞིང་ལས་ཁེ་ལས་སོགས་ཀྱི་ཐོན་སྐྱེད་དང་སློབ་གསོ་ཟུང་འབྲེལ་གྱི་མཉམ་འབྲེལ་སྒྲིག་གཞི་བསྐྲུན་པར་སྐུལ་མ་གཏོང་དགོས།“རོགས་གསུམ་སྐྱོར་གཅིག”འཆར་གཞི་དང་ཚན་རྩལ་ཆེད་མངགས་པ། དམིགས་བསལ་ལས་གནས་འཆར་གཞི། སློབ་ཆེན་པའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི་སོགས་གཞི་རིམ་ཞབས་ཞུའི་ལས་གཞིར་སྐུལ་འདེད་ཏན་ཏིག་གཏོང་དགོས། གྲོང་གསེབ་བུད་མེད་ཀྱི་ཕུགས་འདུན་དོན་གཉེར་བྱེད་པའི་འཆར་གཞི་དང་གྲོང་གསེབ་དར་སྤེལ་ལ་ལང་ཚོའི་བྱས་རྗེས་འཇོག་པའི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། ཚན་རྩལ་སྒོ་ར་ཆུང་ངུ་ཞིང་སྡེར་གཞི་ཚུགས་ནས་ཞིང་པར་རོགས་རམ་དང་ཕན་ཐོགས་པར་རྒྱབ་སྐྱོར་བྱེད་དགོས། སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པའི་ཆེད་དམིགས་འཆར་གཞི་མུ་མཐུད་ལག་བསྟར་བྱེད་དགོས། གྲོང་ཁྱེར་འཇོན་མིས་གྲོང་གསེབ་ལ་ཞབས་འདེགས་ཞུ་བར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ། དཔྱད་དྲངས་གི་སྐུལ་སློང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།
(ཉེར་དགུ)ནགས་ལས་དང་ཞིང་སྦོལ། མཁོ་འཚོང་ཁང་སོགས་ཀྱི་བཅོས་བསྒྱུར་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས། ཐུན་མོང་གི་ནགས་དབང་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་དང་། ནགས་ཤིང་གཅོད་པར་དོ་དམ་བྱེད་པའི་ལམ་ལུགས་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཏེ། ཁེ་དབང་འཛིན་མཁན་ལ་སྔར་ལས་ལེགས་པའི་ནགས་ཤིང་ཐག་གཅོད་དབང་ཆ་དང་ཁེ་ཐོབ་དབང་ཆ་སྤྲོད་དགོས། ཞིང་སྦོལ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། རྒྱུ་ནོར་ལྟ་སྐུལ་དོ་དམ་དང་ཀུང་སི་བཅོས་སྐྱོང་སོགས་ཀྱི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ལ་དབང་བའི་ཞིང་སྤྱོད་ས་ཞིང་གི་ཁེ་དབང་མ་ལག་འཐུས་ཚང་དུ་བཏང་སྟེ། དོ་དམ་དང་བེད་སྤྱོད་ཚད་ལྡན་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་ཆུ་རིན་ཕྱོགས་བསྡུས་བཅོས་བསྒྱུར་དང་ཆུ་སྤྱོད་དབང་ཆ་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་སྟེ། ཆུ་ལེན་དང་ཆུ་སྤྱོད་དོ་དམ་ལ་ཤུགས་བསྣན་ནས། ས་འོག་གི་ཆུ་སྔོག་འདོན་ཚད་བརྒལ་བཅོས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཆུ་གྲོན་ཆུང་གི་ཆུ་འདྲེན་ལག་རྩལ་ཁྱབ་གདལ་དུ་གཏོང་དགོས།
(སུམ་ཅུ)ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། སྤོ་སྤྲོད་དང་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་དམིགས་ཚད་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་གཏོང་བ་སོགས་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་མི་ཅན་དུ་འགྱུར་བ་དང་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་ཡོངས་བསྒྲགས་གཅིག་གྱུར་ཡིན་པའི་ཁྱིམ་ཐོའི་དོ་དམ་སྲིད་དོན་ཞབས་ཞུའི་ལས་སྟེགས་འཐུས་ཚང་དུ་གཏོང་བ་དང་། རྒྱུན་སྡོད་ས་གནས་སུ་ཁྱིམ་ཐོ་འགོད་བྱེད་མཁན་ལ་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་མཁོ་འདོན་བྱེད་པ་ཁྱབ་སྤེལ་དུ་གཏོང་དགོས། ཆ་རྐྱེན་ཡོད་པའི་གྲོང་ཁྱེར་གྱིས་རིམ་བཞིན་ལས་ཞུགས་དང་འཚོ་བ་བརྟན་པོ་ཡིན་པའི་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་གྱི་སྡོད་ཁང་འགན་སྲུང་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་འཇུག་དགོས། ཞིང་ལས་སྤོ་སྒྱུར་མི་འབོར་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་མཉམ་སྤོས་བུ་ཕྲུག་གིས་ཡུལ་དེའི་གཞུང་གཉེར་སློབ་གྲྭར་ཞུགས་པའི་བསྡུར་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། ལས་ཞུགས་བྱ་ཡུལ་དུ་འགན་བཅོལ་ལ་ཞུགས་པའི་ཁྱིམ་ཐོའི་བཀག་རྒྱ་ཁྱོན་ཡོངས་ནས་མེད་པར་བཟོ་དགོས། གྲོང་ཁྱེར་གཞིས་ཆགས་ཞིང་པའི་ས་ཞིང་འགན་གཙང་ལེན་གྱི་དབང་ཆ་དང་ཁང་སའི་སྤྱོད་དབང་། ཐུན་མོང་གི་ཁེ་སྤོགས་བགོ་དབང་བཅས་ལ་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ། རང་མོས་ཀྱིས་རིན་དོད་ཡོད་པའི་སྒོ་ནས་ཕྱིར་འཐེན་བྱེད་པའི་བྱེད་ཐབས་འཚོལ་ཞིབ་དང་འཛུགས་དགོས།
ཞིང་སྡེའི་བྱ་བ་ལེགས་པོར་སྒྲུབ་པ་དང་གྲོང་གསེབ་ཁྱོན་ཡོངས་དར་སྤེལ་མངོན་འགྱུར་ཡོང་བའི་གནད་འགག་ཏང་ལ་ཐུག་ཡོད། ངེས་པར་རྒྱུན་འཁྱོངས་ལྷོད་མེད་སྒོས“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་སྲ་བརྟན་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཞིང་དར་ཞིང་ཕན་ཞིང་ཕྱུག་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། “བཟོ་འགོད་ཁྲི་སྟོང”གི་ཉམས་མྱོང་གཏིང་ཟབ་ཏུ་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། གྲོང་གསེབ་ཁྱོན་ཡོངས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ལོ་རྒྱུས་ཀྱི་བཟོད་སེམས་རྒྱུན་འཁྱོངས་དང་། རང་ནུས་ཅི་ལྕོགས་དང་ནུས་ཤུགས་ཡོད་རྒུས་སྟོབས་ཤུགས་གཅིག་བསྒྲིལ་གྱིས་དོན་དངོས་གལ་ཆེན་སྐོར་ཞིག་དམ་འཛིན་བྱས་ཏེ། ཞིང་པ་མང་ཚོགས་ལ་ཚོར་ཐུབ་པ་དང་རེག་ཐུབ་པའི་དངོས་ཕན་ཐོབ་ཏུ་འཇུག་དགོས། ཕྱོགས་ཡོངས་ནས“གཞི་རིམ་དུ་བསྐྱོད་པ་བཞིའི”ལམ་ལུགས་དོན་འཁྱོལ་བྱེད་དགོས། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོར་བསྐྱོད་དེ། ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་དགོས། གྲོང་གསེབ་ཀྱི་དོན་དངོས་དང་བསྟུན་ནས་ཞིང་པའི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པ་དང་། བྱ་བའི་བྱེད་སྟངས་ལེགས་བཅོས་བྱས་ཏེ། སྲིད་ཇུས་ལག་བསྟར་སྟབས་བདེ་ཅན་དང“གཅིག་ཆོད་ཅན”དུ་ལག་བསྟར་བྱེད་པར་སྔོན་འགོག་བྱེད་དགོས། ས་གནས་སོ་སོས་ལག་ལེན་འཚོལ་ཞིབ་དང་བཅོས་བསྒྱུར་གསར་གཏོད་བྱེད་པར་སྐུལ་མ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཞིང་པ་མང་ཚོགས་ཀྱི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ཏེ། གྲོང་གསེབ་ཁྱོན་ཡོངས་དར་སྤེལ་གཏོང་བའི་སྒུལ་ཤུགས་དང་གསོན་ཤུགས་སྐུལ་སློང་བྱེད་དགོས།