ལི་ཆང་དང་ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི་བཅས་སོ་སོར་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཚོགས་པ་ཁག་གཅིག་གི་གྲོས་ཞིབ་དང་གྲོས་བསྡུར་ནང་ཞུགས།
发布时间:2025年03月10日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ལི་ཞི་བཅས་ཚེས6ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚོགས་ཆུང་ཁག་གཅིག་གི་གྲོས་ཞིབ་དང་གྲོས་བསྡུར་ལ་ཞུགས།
ཟླ3པའི་ཚེས6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཧི་པེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཚེས6ཉིན་གྱི་ཕྱི་དྲོར། ལི་ཆང་ཧི་པེ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། འཐུས་མི་ཕེ་ཧུང་ཞ་དང་། སུན་ཞི་ལིན། ཀྲན་གོ་ཧའེ་སོགས་ཀྱི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། ལི་ཆང་གིས་གསུངས་རྒྱུར། ཧི་པེ་ནི་ཅིང་ཅི་ཡི་ས་ཁུལ་གལ་ཆེན་ཞིག་ཡིན། འདས་ཟིན་པའི་ལོ་གཅིག་ནང་ཧི་པེ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་དང་དཔལ་འབྱོར་སྟོབས་ལྡན་ཞིང་ཆེན་དང་། མཛེས་སྡུག་ལྡན་པའི་ཧི་པེ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གོམ་སྟབས་བརྟན་པོ་སྤོས་ནས། རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ལོའི་དུས་བབ་དང་ལས་འགན་གསར་པར་གདོང་གཏད་དེ། པེ་ཅིན་དང་ཐེན་ཅིན། ཧི་པེའི་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཁྲོད་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ། རང་འགུལ་ངང་ཐོན་ལས་མཉམ་ལས་དང་གསར་གཏོད་མཐུན་སྦྱོར། རྣམ་གྲངས་མཉམ་སྐྲུན་བཅས་བྱེད་དགོས་པ་དང་། པེ་ཅིན་དང་ཐེན་ཅིན་འབྲེལ་མཐུད་སྔར་ལས་ལེགས་པོ་བྱེད་པའི་ཁྲོད་སྔར་ལས་ཆེ་བའི་འཕེལ་རྒྱས་མངོན་འགྱུར་བྱ་དགོས། ཐོན་ལས་ཚུལ་སྒྱུར་རིམ་སྤོར་ཁྲོད་སྒུལ་ཤུགས་གསར་པ་སྟོབས་ཆེར་གཏོང་བ་དང་། ཚན་རྩལ་གྱིས་སྲོལ་རྒྱུན་ཐོན་ལས་ལ་ནུས་པ་སྤྲོད་རྒྱུར་སྐུལ་འདེད་གཏོང་བ། གསར་དར་ཐོན་ལས་གཅིག་སྡུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ལྗང་མདོག་འགོག་རགས་འཛུགས་སྐྲུན་བྱེད་པའི་ཁྲོད་ལེགས་ཆ་གསར་པ་ཆགས་པར་བྱེད་པ་དང་། ལྗང་མདོག་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱ་དགོས། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོ་བའི་སྒོས་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། འཚོ་སྡོད་དང་ལས་སྐྲུན་ལ་འཚམ་པའི་ཁོར་ཡུག་བསྐྲུན་དགོས།
ཟླ3པའི་ཚེས6ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དཔལ་འབྱོར་དང་ཞིང་ལས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་འདུར་ཞུགས།
ཚེས6ཉིན་གྱི་སྔ་དྲོར། ལི་ཆང་དཔལ་འབྱོར་དང་ཞིང་ལས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་འདུ་ལ་ཞུགས། ཨུ་ཡོན་ལིའུ་ཧྲང་ཞི་དང་། ཅང་ཧའོ་རེན། ཏུའུ་ཀྲི་ཞུང་སོགས་ཀྱི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། ལི་ཆང་གིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གུང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་སྲིད་ཇུས་བྱེད་ཕྱོགས་ཆེན་པོ་ལྟར། སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད། མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་དང་འགྲན་སློང་སྔར་བཞིན་ཅུང་མང་པོ་ཡོད་པས། ད་ལོའི་དམིགས་འབེན་དང་ལས་འགན་ལེགས་འགྲུབ་བྱེད་པར་སྤྱི་ཁོག་སྙོམས་སྒྲིག་གི་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། ཕན་ནུས་རང་བཞིན་བཅས་ཆེ་རུ་གཏོང་དགོས་པ་དང་། སྔར་ལས་ལྷག་པར་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱིས་གཏོང་སྒོའི་གཞི་ཁྱོན་དང་གཙོ་གནད། འགྲོས་ཚད་བཅས་ཀྱི་སྡེབ་སྒྲིག་ཕན་ནུས་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱེད་དགོས་ལ། ལྷོད་ཡངས་འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་ཀྱིས་དངོས་ཚན་དཔལ་འབྱོར་ལ་མ་དངུལ་མཉམ་འདྲེས་ཀྱི་རྒྱབ་སྐྱོར་སྔར་ལས་འདང་ངེས་འདོན་སྤྲོད་བྱེད་དགོས། ནུས་ཤུགས་ཆེ་རུ་བཏང་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཆེ་རུ་གཏོང་བ་དང་། འཛད་སྤྱོད་སྐུལ་སྤེལ་གྱིས་དཔལ་འབྱོར་འཁོར་རྒྱུག་གི་སྒུལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། སྡོད་དམངས་ཀྱི་ཡོང་འབབ་ལ་སྐུལ་འདེད་གཏོང་བ་དང་སྤུས་ལེགས་མཁོ་སྤྲོད་ཇེ་མང་དུ་གཏོང་བ། འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ཚད་བརྒལ་སྔར་ལས་ཆེ་བ་མངོན་འགྱུར་བྱས་ཏེ། འཛད་སྤྱོད་ཀྱིས་དངུལ་གཏོང་ལ་སྐུལ་ཁྲིད་དང་ཐོན་ལས་རིམ་སྤོར་ལ་སྐུལ་ཁྲིད་བྱེད་པ། ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་འབྲེལ་ཐག་སྦྲེལ་མཐུད་བྱེད་དགོས། བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་དཔལ་འབྱོར་འཁོར་རྒྱུག་གི་གསོན་ཤུགས་སྐུལ་སྤེལ་བྱས་ཏེ། རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཁྲོམ་རའི་ཆོག་འཐུས་ཕྱིར་འཐེན་དང་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག ཐོན་རྫས་འཁོར་རྒྱུག་སོགས་ཐད་ཀྱི་འགག་གནད་སེལ་ཏེ། ཁེ་ལས་འཕེལ་རྒྱས་གཏོང་བར་ཁོར་ཡུག་བཟང་པོ་བསྐྲུན་དགོས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་དཔལ་འབྱོར་འཁོར་རྒྱུག་གི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གཙོ་ཁྲིད་ཐོན་ལས་གསར་པ་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་དང་། ཁྲོམ་རའི་བར་སྟོང་གསར་པ་རྒྱ་བསྐྱེད་གཏོང་དགོས། གསར་དར་མཁར་གྲོང་ཅན་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། གསར་དར་མཁར་གྲོང་ཅན་གྱི་འཐབ་ཇུས་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། འཚོ་སྡོད་དང་ལས་སྐྲུན་ལ་འཚམ་པ་དང་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། གཞི་ཁྱོན་རང་བཞིན་གྱི་སླར་ཡང་དབུལ་ཕོངས་སུ་མི་ལོག་པའི་ཚད་མཐའ་མཐའ་གཅིག་ཏུ་སྲུང་འཛིན་བྱས་ཏེ། དབུལ་ཕོངས་ས་ཁུལ་གྱི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཟླ3པའི་ཚེས6ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲི་ཀུང་ཏང་དང་ཕྱིར་སྡོད་རང་མིའི་མཉམ་འབྲེལ། ཕྱི་ཕྱོགས་མཛའ་གྲོགས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་འདུ་བཅས་ལ་ཞུགས།
ཚེས6ཉིན་སྔ་དྲོར། ཀྲའོ་ལེ་ཅི་ཀྲི་ཀུང་ཏང་དང་ཕྱིར་སྡོད་རང་མིའི་མཉམ་འབྲེལ། ཕྱི་ཕྱོགས་མཛའ་གྲོགས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་འདུ་བཅས་ཀྱི་ཚོགས་འདུར་ཞུགས། ཧྲའོ་ཀྲི་ཆིང་དང་། ལི་ཞིན་ཡུས། ཀྲང་ཅུན་སོགས་ཨུ་ཡོན་གྱི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། ཀྲའོ་ལེ་ཅི་ཡིས་གསུངས་རྒྱུར། 2024ལོར་དཀའ་ངལ་དང་འགྲན་སློང་མང་པོའི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་། ཁ་ལོ་བསྐོར་ནས་སྣེ་ཁྲིད་བྱས་ཏེ། དུས་བབ་དང་བསྟུན་ནས་སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ། གྲངས་ཚད་འཕར་བའི་སྲིད་ཇུས་རབ་དང་རིམ་པ་འཕྲལ་ཐག་ཆོད་པོས་བཀོད་སྒྲིག་བྱས་ཤིང་། དཔལ་འབྱོར་འཁོར་སྐྱོད་མངོན་གསལ་དོད་པོས་སླར་གསོ་ཡོང་བར་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་ཀྱི་སྔོན་དཔག་ནུས་ལྡན་ངང་སྐུལ་སྤེལ་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གིས་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་ནི་ལས་དོན་ཁག་ལེགས་པོར་བསྒྲུབས་པའི་རྩ་བའི་འགན་ལེན་ཡིན་པ་ལག་ལེན་གྱིས་ར་སྤྲོད་གང་ལེགས་བྱས་ཡོད། ཀྲི་ཀུང་ཏང་དང་ཕྱིར་སྡོད་རང་མིའི་མཉམ་འབྲེལ། ཕྱི་ཕྱོགས་མཛའ་གྲོགས་ལས་རིགས་ཀྱི་ཨུ་ཡོན་བཅས་ཀྱིས་བརྟག་དཔྱད་ཞིབ་འཇུག་དང་སྲིད་གྲོས་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་གྲོས་གཞིའི་གྲུབ་འབྲས་ཁག་གཅིག་གྲུབ་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོ་གཏིང་ཟབ་ཏུ་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་རྟོགས་ངང་བསམ་བློ་དང་འགུལ་སྐྱོད་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་འགན་འཁྲི་བསྒྲུབས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་རྒྱ་ཁྱབ་ཏུ་མི་སེམས་གཅིག་སྒྲིལ་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ། ཧུར་བརྩོན་དང་རང་འགུལ་ངང་རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་དང་ལེགས་ཆ་ཕྱི་ཕྱོགས་ལ་དྲིལ་བསྒྲགས་ངོ་སྤྲོད་བྱེད་དགོས། ལས་རིགས་ཁག་གི་ལེགས་ཆ་འདོན་སྤེལ་བྱས་ཏེ། གྲོས་མོལ་སྲིད་གླེང་དང་དམངས་གཙོའི་ལྟ་སྐུལ་བྱེད་སྒོ་ནན་ཏན་གྱིས་སྤེལ་ནས། བཅོས་བསྒྱུར་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཕྱིར་སྡོད་རང་མིའི་ཆེད་དུ་ཞབས་འདེགས་ཞུ་བ་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱིར་སྡོད་རང་མིའི་སེམས་ཤུགས་གཅིག་སྡུད་བྱས་ནས་ཧུར་ཐག་གིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་མཐུན་སྒྲིལ་གྱི་ཨ་ལོང་ཆེན་མོ་ཡག་པོར་འབྲི་དགོས་པའི་རེ་བ་བཏོན།
ཟླ3པའི་ཚེས6ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཚོགས་ཆུང་གི་ཚོགས་འདུར་ཞུགས།
ཚེས6ཉིན་གྱི་སྔ་དྲོར། ཝང་ཧུའུ་ཉིང་ཆོས་ལུགས་ལས་རིགས་ཨུ་ཡོན་གྱི་ཚོགས་ཆུང་ཚོགས་འདུའི་ནང་ཞུགས། ཨུ་ཡོན་ཙུང་ཞིན་དང་། ཧུའུ་ཁྲེང་ལིན། ཨ་ཏི་ལི་ཅང་ཨ་ཅི་ཁེ་ལི་མུའུ་སོགས་ཀྱི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཏང་གི་ཆོས་ལུགས་ལས་དོན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བར་ཁྲིད་སྟོན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་གསོ་སྐྱོང་བྱས་ཏེ། “ངོས་ལེན་ལྔ”ཟམ་མི་ཆད་པར་ཇེ་ཟབ་ཏུ་བཏང་ནས། སྔར་ལས་ལྷག་པར་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དང་གཅིག་སྒྲིལ་ལེགས་པོ་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱེད་པ་དང་། ཀྲུང་ཧྭའི་རིག་གནས་ཀྱིས་སིམ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཁྱད་ཆོས་དང་མཐུན་པའི་ཆོས་ལུགས་ཀྱི་དགོངས་དོན་བསམ་བློ་རིམ་བཞིན་ཆགས་པར་བྱེད་དགོས། ཆོས་ལུགས་ལས་དོན་བཅོས་སྐྱོང་དེ་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་སྣོན་བརྒྱབ་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་ལུགས་དད་མོས་མང་ཚོགས་ལ་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ། ཆོས་ལུགས་ཀྱི་བྱེད་སྒོ་ཁྲིམས་ལྟར་དང་། བདེ་འཇགས། གོ་རིམ་ལྡན་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་ཚོས་ཏང་གི་ཆོས་ལུགས་ལས་དོན་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ལ་རྒྱུས་ལོན་དང་ཁོང་དུ་ཆུད་པར་ཤུགས་སྣོན་རྒྱག་པ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཧུར་ཐག་གིས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་ལེགས་པོར་བསྒྲུབ་ཆེད་ཐབས་ཇུས་དང་ནུས་ཤུགས་འབུལ་དགོས།
ཟླ3པའི་ཚེས6ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་ཚོགས་ཚན་རིག་དང་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་འདུར་ཞུགས།
ཚེས6ཉིན་སྔ་དྲོར། ཚའེ་ཆི་སྤྱི་ཚོགས་ཚན་རིག་དང་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་འདུར་ཞུགས། ཨུ་ཡོན་ཀྲང་ཆིན་དང་། ཝང་ཞུའེ་ཏེན། ཧྥེང་ཕེང་ཀྲི་སོགས་ཀྱི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། ཚའེ་ཆི་ཡིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཕྱོགས་ཡོངས་ལ་གཅིག་གྱུར་གྱིས་སྤྱི་འདོམས་དང་། བབ་བསྟུན་གྱིས་འགྱུར་ལྡོག་ལ་ཁ་གཏད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་བྱས་ཡོད། ལག་ལེན་ལས་ར་སྤྲོད་བྱས་པ་ལྟར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དང་ཕྱོགས་སྟོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཡོད་ན། ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ནས་རྒྱུན་ཆད་མེད་པར་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་ཐུབ་ངེས་རེད། ཚའེ་ཆི་ཡིས་ཚང་མས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་གཏིང་ཟབ་བྱས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་དང་། ཞི་ཅིན་ཕིང་གི་རིག་གནས་བསམ་བློ་སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱས་ནས། རིག་གནས་ཀྱི་འགན་འཁྲི་གསར་པ་དེ་བས་ལེགས་པོའི་སྒོ་ནས་འཁུར་དགོས། ལས་རིགས་ཁག་གི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས། བསམ་འཆར་དང་ཐབས་ཇུས་བཏོན་ཏེ། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་འབུལ་དགོས། རིག་གནས་ཀྱི་ཡིད་ཆེས་སྲ་བརྟན་དང་། “ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་མ་ལག་ཅན་དང་ཚན་རིག་གི་རྩ་བའི་རིགས་པ་ཅན་དུ་གཏིང་ཟབ་ཏུ་གཏོང་བ་དང་། རིག་ཚན་མ་ལག་དང་རིག་གཞུང་མ་ལག སྐད་ཆའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རང་བདག་ཤེས་བྱའི་མ་ལག་འཛུགས་དགོས། དུས་རབས་གསར་པར་འབད་བརྩོན་བྱེད་པའི་གཙོ་རྒྱུན་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་རྒྱུན་འཁྱོངས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་པར་ཁོང་དུ་ཆུད་པ། ཡིད་ཆེས་ཆེ་རུ་གཏོང་བ་དང་སྔོན་དཔག་བརྟན་པོ་ཡོང་བ་བཅས་བྱས་ཏེ། བརྩམས་ཆོས་སྤུས་ལེགས་དེ་བས་མང་པོ་བཏོད་ནས། གསོན་ཉམས་དོད་པོས་ཀྲུང་གོའི་གཏམ་རྒྱུད་ཡག་པོར་བརྗོད་དགོས། སྤྱི་ཚོགས་ཚན་རིག་དང་གསར་འགྱུར་དཔེ་སྐྲུན་ལས་དོན་པས་སྤྱི་ཚོགས་ཀྱི་འགན་འཁྲི་ཨང་དང་པོར་བཞག་སྟེ། མི་དམངས་ཀྱི་ཆེད་དུ་ཤེས་རིག་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་བརྩེ་དུང་མཚོན་པར་བྱེད་པའི་ཕུགས་བསམ་བརྟན་སྲུང་བྱེད་པ་དང་། སློབ་སྲོལ་བཟང་པོ་དར་སྤེལ་བཏང་ནས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག གསར་འགྱུར་དཔེ་སྐྲུན་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
ཟླ3པའི་ཚེས6ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་ཞང་ཀང་དང་ཨའོ་མོན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མཉམ་འབྲེལ་ཚོགས་འདུར་ཞུགས།
ཚེས6ཉིན་གྱི་སྔ་དྲོར། ཏིན་ཞུའེ་ཞང་ཞང་ཀང་དང་ཨའོ་མོན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མཉམ་འབྲེལ་ཚོགས་འདུར་ཞུགས། ཨུ་ཡོན་ཡའོ་ཀྲི་ཧྲེང་དང་། མ་ཀྲི་དབྱི། ཚའོ་ཆི་ཏུང་སོགས་ཀྱི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། ཏིང་ཞུའེ་ཞང་གིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་གོམ་སྟབས་བརྟན་པོ་གསར་པ་སྤོས་ཡོད། ཀྲུང་དབྱང་གི་རྒྱབ་སྐྱོར་ཤུགས་ཆེན་འོག དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་འོག ཞང་ཀང་དང་ཨའོ་མོན་གྱི་འཕེལ་རྒྱས་ཐད་ཚད་བརྒལ་གསར་པ་དང་རྣམ་པ་གསར་པ་མངོན་ཞིང་། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་ཞང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན23པའི་ཁྲིམས་འཛུགས་ལེགས་གྲུབ་བྱུང་བ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་འདེམས་བསྐོ་བདེ་བླག་ངང་འཚོགས་ལ། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་གཟབ་རྒྱས་འཚོགས་ཤིང་། ཞང་ཀང་དང་ཨའོ་མོན་གྱིས་དཔལ་འབྱོར་བརྩོན་ལེན་དང་། འཕེལ་རྒྱས་ཇུས་འགོད། དམངས་འཚོ་ཕན་ཁེ་བསྐྲུན་པ་བཅས་ཀྱི་ཐད་འཕེལ་རྒྱས་མངོན་གསལ་བྱུང་ཡོད། ཏིང་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་བས་ཞང་ཀང་སྐྱོང་བ”དང“ཨའོ་མོན་བས་ཨའོ་མོན་སྐྱོང་བའི”ཚད་མཐོའི་རང་སྐྱོང་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞང་ཀང་དང་ཨའོ་མོན་གྱི་དར་རྒྱས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། ང་ཚོས་དུས་རབས་གསར་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་གྱི་ལས་འགན་གལ་ཆེན་འཁུར་ནས། “རྒྱལ་ཁབ་གཅིག”གི་རྨང་གཞི་བརྟན་སྲུང་དང་། “ལམ་ལུགས་གཉིས”ཀྱི་ཁེ་ཕན་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགོག་རགས་སྲ་བརྟན་དང་། ཞང་ཀང་དང་ཨའོ་མོན་གྱི་ཐུན་མོང་མ་ཡིན་པའི་གནས་བབ་དང་ལེགས་ཆ་སྲ་བརྟན་དང་མཐོར་འདེགས། ཞང་ཀང་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་སྔར་ལས་ལེགས་པར་འདྲེས་པར་སྐུལ་འདེད་བཏང་སྟེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས། ཏིན་ཞུའེ་ཞང་གིས་ཞང་ཀང་དང་ཨའོ་མོན་ས་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་ནན་ཏན་གྱིས་འགན་འཁྲི་བསྒྲུབས་པར་ཁས་ལེན་གང་ལེགས་གནང་བ་དང་། ཚང་མས་མུ་མཐུད་འབད་བརྩོན་དང་འབད་འབུངས་བྱས་ཏེ། སྲིད་འཛིན་དཔོན་པོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། དགེ་མཚན་ལྡན་པའི་སྟོབས་ཤུགས་རྒྱ་ཁྱབ་ཏུ་གཅིག་སྡུད་བྱས་ཏེ། ཐུན་མོང་ཐོག་ཞང་ཀང་དང་ཨའོ་མོན་གྱི་དར་རྒྱས་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་རྒྱུའི་རེ་བ་བཏོན།
ཟླ3པའི་ཚེས6ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ལི་ཞི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་གུང་གཞོན་ཚོགས་པ་དང་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས།
སྤྱི་ཁྱབ་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་འདུར་ཞུགས། ཚེས6ཉིན་གྱི་སྔ་དྲོར། ལི་ཞི་གུང་གཞོན་ཚོགས་པ་དང་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས། སྤྱི་ཁྱབ་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་འདུར་ཞུགས། ཨུ་ཡོན་ཉི་པང་ཝུན་དང་། དབྱང་ཡུས་ཏུང་། ཝང་ཧྥང་སོགས་ཀྱི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། ལི་ཞིས་གསུངས་རྒྱུར། འདས་ཟིན་པའི་ལོ་གཅིག་ནང་། རྙོག་འཛིང་ཆེ་ཞིང་ཛ་དྲག་གི་དུས་བབ་མདུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བབ་བསྟུན་གྱིས་འགྱུར་ལྡོག་ལ་ཁ་གཏོད་པ་དང་ཕྱོགས་བསྡུས་ཐབས་ཇུས་ལག་བསྟར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐད་གོམ་སྟབས་བརྟན་པོ་གསར་པ་ཞིག་སྤོས་ཡོད། གྲུབ་འབྲས་ནི་སྤྱིར་བཏང་མིན་པ་དང་མི་རྣམས་ལ་སྐུལ་མ་ཐེབས་པ་ཞིག་ཡིན་ལ། དེའི་ནང་སྲིད་གྲོས་ཨུ་ཡོན་ཁག་གི་བློ་གྲོས་དང་ནུས་ཤུགས་ཀྱང་འདུས་ཡོད། 2025ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་ཡིན་པས། ཚང་མས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་རྟོགས་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”ཆེ་རུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་པ་དང་། རང་སོ་སོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་གྲོས་གཞི་བཟོ་བ་སོགས་ལ་དམ་པོར་དམིགས་ནས་བསམ་འཆར་དང་ཇུས་གཞི་འདོན་པ་དང་། གཞོན་ནུ་དང་བཟོ་པ། བུད་མེད་སོགས་ལས་རིགས་ཁག་གི་མང་ཚོགས་ལ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ལེའུ་གསར་པ་ཐུན་མོང་ཐོག་འབྲི་རྒྱུའི་རེ་བ་ཡོད། ལི་ཞིས་ནན་གྱིས་བསྟན་དོན། རུལ་སུངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་སྤྱོད་གཙང་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དུས་བབ་ཀྱི་ཡང་དག་པའི་བརྡར་གཅོད་ལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས། སྤྱོད་ངན་དང་རུལ་སུངས་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། མང་ཚོགས་ཀྱི་ཉེ་འཁོར་གྱི་དྲང་བདེན་མིན་པའི་སྤྱོད་ངན་དང་རུལ་སུངས་གནད་དོན་བཅོས་སྐྱོང་ཤུགས་ཆེན་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། མཐའ་གཅིག་ཏུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ། སྤྱིའི་དམག་འཐབ་བཅས་ཡག་པོར་རྒྱག་དགོས། །