རྐང་ཚ་རྫོང་གིས་བྱེད་ཐབས་མང་པོས་སྐྱེ་ཁམས་བཅོས་སྐྱོང་བྱས།
发布时间:2025年03月20日 消息来源:


རྩོམ་སྒྲིག ཚེ་གཟུངས་སྐྱིད། ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


ཉེ་བའི་ལོ་འགའི་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་གཏིང་ཟབ་དང་། མ་ལག་འདུ་ཤེས་ཀྱིས་སྐྱེ་ཁམས་བཅོས་སྐྱོང་སླར་གསོ་དང་སྦགས་བཙོག་སྔོན་འགོག་བཅོས་སྐྱོང་སོགས་ཀྱི་བྱ་བར་གཞི་གཅིག་ཏུ་སྐུལ་འདེད་བཏང་བས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།

རྐང་ཚ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་གི་ཞན་ཆར་དམིགས་ནས། ཏན་ཏིག་གིས་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སོགས་སྐྱེ་ཁམས་གནད་དོན་བཅོས་བསྒྱུར་ཡོ་བསྲང་བྱེད་རྒྱུ་དམ་དུ་བཟུང་བ་མ་ཟད། ཕྱོགས་ཡོངས་ནས“ཕྱིར་མིག་ལྟ་བའི”ལས་དོན་གཏིང་ཟབ་སྒོས་སྤེལ་བ་དང་། བཅོས་བསྒྱུར་སྤུས་ཚད་ལ་ཞིབ་བཤེར་ཀྱི་ཚད་ལོན་ཐུབ་པར་ཁག་ཐེག་བྱས། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ཐང་བྱེ་ས་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་། ཧུར་ཐག་སྒོས་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་མུའུ་ཁྲི130ལེགས་འགྲུབ་བྱུང་ཡོད་ལ། རྩྭ་ས་ལེགས་བཅོས་མུའུ་ཁྲི50དང་ལྕགས་དྲ་བསྐོར་ནས་བཀག་སྐྱོང་བྱས་པའི་ས་ཆ་མུའུ་ཁྲི40དང་། རྩྭ་ས་བྱེ་འགྱུར་དང་ཞན་འགྱུར་བཅོས་སྐྱོང་མུའུ་ཁྲི3.5དང་། ས་ནག་གྲམ་ཐང་བཅོས་སྐྱོང་མུའུ་ཁྲི0.4དང་། ནགས་ཚལ་ཞན་འགྱུར་སླར་གསོ་མུའུ་ཁྲི1བཅས་བརྩོན་ལེན་བྱས་པས་རྫོང་ཁོངས་ཀྱི་སྐྱེ་ཁམས་སྲུང་འཛིན་བྱེད་པའི་ནུས་ཤུགས་སྔར་བས་ཆེ་རུ་སོང་བས་མཛེས་སྡུག་རྐང་ཚ་གསར་དུ་བསྐྲུན་པར་སྐྱེ་ཁམས་རྨང་གཞི་གང་ལེགས་བཏིང་ཡོད།

རྐང་ཚ་རྫོང་གིས“སྦགས་བཙོག་ཆེན་པོ་གསུམ”སྔོན་འགོག་འགག་སྒྲོལ་གྱི་ལས་དོན་དམ་འཛིན་རྒྱུན་འཁྱོངས་བྱས་ཏེ་ཐལ་རྡུལ་དང་། ཕྱི་ནས་མེར་སྲེག་གཏོང་བ། བཟའ་བཏུང་སྣུམ་རིགས་སོགས་དོ་དམ་ཚོད་འཛིན་བྱེད་པར་ཤུགས་བསྣན་པ་དང་། ཧུར་ཐག་གིས་དྭངས་གཙང་དྲོད་རླངས་མཁོ་འདོན་དང་རྡོ་སོལ་བསྲེགས་པའི་སྦག་བཙོག་གི་རིགས་མེེད་པར་བཟོས་ཏེ་མཁའ་དབུགས་ཀྱི་སྤུས་ཚད་ཇེ་བཟང་དུ་གཏོང་བའི་གྲུབ་འབྲས་སྲ་བརྟན་འབྱུང་བར་སྐུལ་འདེད་བཏང་། འཐུང་ཆུའི་ཆུ་མགོར་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་དང་། ཧུར་ཐག་གིས་ཡུལ་ཚོ་དང་གྲོང་རྡལ་སྡེ་བ་རིམ་པའི་འཐུང་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་འགན་སྲུང་བྱ་བར་སྐུལ་འདེད་བྱས། ཆུ་བོ་དང་མཚེའུ6གི་སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་ལག་བསྟར་བྱེད་མགོ་བཙུགས་ཏེ། ཕྱོགས་ཡོངས་ནས་མཚེའུ་ཡི་ནང་དུ་བཙོག་དངོས་བཞུར་སར་གྲལ་བཤེར་བཅོས་སྒྲིག་བྱས། གཏིང་ཟབ་སྒོས་ཆུ་བོ་དང་མཚེའུ་ཡི“གཙང་སེལ་བཞིའི”ལས་དོན་སྤེལ་ནས། ཆར་ཆུ་དང་བཙོག་དངོས་དབྱེ་འབྱེད་བཅོས་བསྒྱུར་དང་། བཙོག་དངོས་བཞུར་སའི་གནས44བཅོས་སྒྲིག་བྱས་ཏེ། སྐྱིད་སྨོན་ཆུ་བོ་དང་བདེ་སྐྱིད་ཆུ་བོའི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱུང་ཡོད། ཧུར་ཐག་གིས་གཡི་དཀར་འོམ་ལུང་ཡུལ་ཚོའི་གད་སྙིགས་སྦས་སའི་རྣམ་གྲངས་བརྩོན་ལེན་བྱས་ཏེ། རྫས་ལུད་ཉུང་འཕྲི་མུའུ་ཁྲི6ཡན་ཟིན་པའི་ཕན་འབྲས་མངོན་འགྱུར་བྱུང་ཡོད། ནུས་ལྡན་སྒོས་ཆུ་བོ་དང་མཚེའུ་དཔོན་དང་། ནགས་རྩྭ་དཔོན་བཅས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས། སྐྱེ་ཁམས་ཁོར་ཡུག་ཁག་བགོས་ཁུལ་ཚོད་འཛིན་གྱི་མ་ལག་འཐུས་ཚང་དུ་བཏང་སྟེ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་སྲུང་སྐྱོབ་བྱེད་ཆེད་རྒྱན་ཐོག་ལ་ཕྲ་བཏབ་ཡོད།

རྐང་ཚ་རྫོང་གིས་རེས་སྐོར་གསར་པའི་མཁར་གྲོང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་འགུལ་བསྐྱོད་རྒྱུན་མཐུད་ངང་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི“གཙང་གསུམ་བསྒྱུར་གསུམ”ལ་སྐུལ་འདེད་བྱས་ནས། ནུས་ལྡན་སྒོས་གྲོང་གསེབ་ཀྱི་རྨང་གཞིའི་ཁོར་ཡུག་མཐོ་རུ་བཏེགས་ཏེ། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་རྫོང་གསར་འཛུགས་བྱེད་པའི་གྲུབ་འབྲས་སྔར་ལས་སྲ་བརྟན་ཡོང་བར་མཐོར་འདེགས་བཏང་བ་མ་ཟད། ཚན་རིག་དང་མཐུན་པའི་འཆར་འགོད་དང་དྲིལ་སྒྲོག་ཁྲིད་སྟོན་བྱེད་པར་བརྟེན་ནས། ཏན་ཏིག་གིས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གནས་འཁེལ་གཏོང་འཇོག་དང་རིགས་དབྱེ་སྡུད་རུབ། དུས་ལྟར་གཙང་འདྲེན་སོགས་ཀྱི་ལས་དོན་ཡག་པོར་བསྒྲུབས་ཏེ། གྲོང་གསེབ་ཀྱི་ཁོར་ཡུག་གཙང་དག་ཚད་ཇེ་མཐོར་བཏང་། གཟབ་ནན་སྒོས་གང་འདོད་དུ་འཛུགས་སྐྲུན་བྱེད་པར་ཁྲིམས་ལྟར་ཐག་གཅོད་དང་། ཕྱོགས་ཡོངས་ནས་སྐྱེ་ཁམས་“སྐར་གསོག་སྒོ་རྩིས་ཚོང་ཁང”སྐུལ་སྤེལ་བྱས་ནས། མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་རྒྱུན་ཆད་མེད་པར་སྐུལ་སློང་བྱས།