མཚོ་སྔོན་དུ་རྐྱང་གི་གྲངས་ཀ13000ལས་བརྒལ་བ།
发布时间:2025年03月26日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད།   ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། བཤེར་སབེབས། ཚེ་བརྟན་བཀྲ་ཤིས།

   ཉེ་ལམ་མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུ་ཡིས་ཞིང་ཆེན་ཡོངས་ཀྱི་རི་དྭགས་རྐྱང་ལ་ཆེད་དོན་རྟོག་ཞིབ་བྱས་པའི་གནས་ཚུལ་ཁྱབ་སྒྲོག་བྱས་ཤིང་། ཐེངས་དེའི་རྟོག་ཞིབ་ཁྲོད་ཁྱོན་རྐྱང13060ཟིན་ཐོར་འགོད་ཐུབ་པ་བྱུང་ལ། མང་ཆེ་བ་རྨ་སྟོད་རྫོང་དང་ཆུ་དམར་ལེབ་རྫོང་། འབྲི་སྟོད་རྫོང་བཅས་ཀྱི་ས་ཁོངས་ན་ཡོད་པ་རེད། རྐྱང་ནི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་ཡིན་ཞིང་། འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱི་མིང་ཐོ་དམར་པོའི་ནང་ཉེན་མེད(LC)སྲོག་ཆགས་སུ་བགྲང་ཡོད་པ་དང་། དེ་ཡང་མཚོ་སྔོན་ཞིང་ཆེན་ནི་རྐྱང་མང་སའི་ས་ཁུལ་གཙོ་བོ་ནང་གི་གཅིག་རེད།


རྐྱང་གི་གྲངས་འབོར་དང་སྟུག་ཚད། ཁྱབ་ཚུལ། གནས་སྟངས། དེ་མིན་སྒོ་ཟོག་ནོར་གནག་དང་བོད་ལུག་སོགས་སྒོ་ཕྱུགས་རིགས་ཀྱི་ཐུན་མོང་གི་རྩྭ་སའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱང་ཆུད་པ་ཞིག་བྱ་ཆེད། 2024ལོའི་ཟླ12པར་མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུ་ཡིས་མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་ཆེན་དང་མཉམ་འབྲེལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ས་ཁོངས་སུ་ཡོད་པའི་རི་དྭགས་རྐྱང་ལ་ཆེད་དོན་རྟོག་ཞིབ་བྱས།



ངོ་སྤྲོད་ལྟར་ན། ཟླ1པོའི་ཚེས9ཉིན་ནས་ཚེས25ཉིན་བར་དུ། རྟོག་ཞིབ་དཔུང་ཁག་གིས་རྟོག་ཞིབ་པ་ཁྱོན24ཡོད་པ་མི6གིས་གྲུབ་པའི་ཚན་ཆུང་རེར་བགོས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རྐྱང་ཡོད་སའི་ས་ཁོངས་སུ་རྟོག་ཞིབ་ཏུ་བསྐྱོད། ཐེངས་དེའི་རྟོག་ཞིབ་ཁྲོད་འབྲོང597དང་། གཙོད1001། དགོ་དམར2973། ཤྭ་སྐྱ118། སྤྱང་ཀི83།  ཝ86། ཝ་དམར4། དྲེད་མོང1བཅས་ཟིན་ཐོ་རུ་འགོད་ཐུབ་པ་བྱུང་། ཐེངས་འདིའི་དགུན་དུས་ཀྱི་རྟོག་ཞིབ་ནི་མཚོ་སྔོན་ཞིང་ཆེན་གྱིས་རྐྱང་ལ་ཆེད་དོན་དུ་སྤེལ་བའི་རྟོག་ཞིབ་རེབ་དང་པོ་ཡིན་ལ། 2025ལོའི་ཟླ8པ་དང་ཟླ11པའི་ཟླ་སྨད་དུ་སོ་སོ་ནས་རྟོག་ཞིབ་ཐེངས་རེ་བྱ་བའི་འཆར་གཞི་ཡོད་དོ།།