མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཀྱི་ཉར་ཚད་ཏུན་ཁྲི12.75ལ་བསླེབས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ4པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྲོང་གྲོང་ཐིང་ནས་ཤེས་གསལ་ལྟར་ན། 2024ལོའི་ལོ་མཇུག་བར་དུ། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཉར་ཚད་ཏུན་ཁྲི12.75ལ་བསླེབས་ཤིང་།དེ་ནི2023ལོའི་དང་བསྡུར་ན་ཏུན་ཁྲི0.75སྟེ5.98%འཕེལ་ནས་2002ལོར་དང་ཐོག་སྲུང་སྐྱོབ་བྱེད་དུས་དང་བསྡུར་ན་ལྡབ49འཕར།མཚོ་སྔོན་པོའི་གསེར་ཉ་ནི་མཚོ་སྔོན་པོའི“རྩྭ་ཆུ་མཚེའུ་ཉ་དང་བྱ”སོགས་མཉམ་དུ་འཚོ་བའི་སྐྱེ་ཁམས་མ་ལག་གི་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ཡིན། དེ་སྲུང་སྐྱོབ་བྱ་ཆེད། རང་ཞིང་གིས་སྔ་གཞུག་ཏུ་ཉ་རྒྱ་ཐེངས་དྲུག་ལ་བསྡམས་པའི་ད་ལྟའི་བར་དུ་“སྟོངས་ཉེན་ཆེ་བའི”ཉེན་ཁ་དེ་རིམ་གྱིས་སེལ་ནས་ཇེ་ལེགས་སུ་ཕྱིན་ཡོད།
མཚོ་སྔོན་པོའི་མཚོ་རྒྱ་བསྡམས་ནས་ཉ་གསོ་བའི་ཕན་འབྲས་ལ་ཚན་རིག་དང་མཐུན་ལ་ཚད་འཇལ་ཡང་དག་པ་ཞིག་བྱ་ཆེད། 2024ལོར་ཞིང་ཆེན་ཞིང་ལས་ཞིང་གྲོང་ཐིང་གིས་ཀྲུང་གོའི་ཆུ་ཐོན་ཚན་རིག་ཞིབ་འཇུག་གླིང་འབྲི་ཆུའི་ཆུ་ཐོན་ཞིབ་འཇུག་ཁང་དུ་མཉམ་འབྲེལ་བྱས་ཏེ། ཆུ་འོག་ཏུ་ཆུ་སྒྲ་འཚོལ་ཞིབ་ཚད་ལེན་དང་། གནས་གཏན་འཁེལ་གྱི་འཛིན་བཟུང་སོགས་བྱེད་ཐབས་དུ་མ་སྤྱད་དེ་གསེར་ཉའི་ཐོན་ཁུངས་ཉར་ཚད་ལ་རྟོག་ཞིབ་བྱས་པ་མ་ཟད། མཚོ་སྔོན་པོའི་གསེར་ཉའི་སྟུག་ཚད་དང་སྐྱེ་དངོས་ཀྱི་བར་སྟོང་ཆགས་ཚུལ་གྱི་རིས་ཁྲ་བཟོས། ལྟ་ཞིབ་ཚད་ལེན་ལྟར་ན། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཉར་ཚར་དེ2002ལོའི་སྲུང་སྐྱོབ་ཐོག་མ་བྱེད་དུས་དང་བསྡུར་ན་ལྡབ49འཕར་ཡོད་པ་དང་། གསེར་ཉའི་རིང་ཚད་ཆ་སྙོམས་ལི་སྨི27.64དང་། ལྕི་ཚད་ལ་ཆ་སྙོམས་སྟོང་ཁེ0.26239ཡོད་པ་རེད།
2003ལོ་ནས་བཟུང་། མཚོ་སྔོན་གྱིས་ཉ་ལས་ཐོན་ཁུངས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་རབ་དང་རིམ་པ་བཏོན་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏང་བའི་ལས་གཞི་གལ་ཆེན་སྐོར་ཞིག་ལག་བསྟར་བྱས། ནང་སྒོས་སུ་མཚོ་རྒྱ་བསྡམས་ནས་ཉ་གསོ་ཐེངས་དྲུག་ལ་བྱས་པ་དང་། མིས་བཟོས་གསོ་སྤེལ་དང་ཚེ་ཐར་སོགས་ཀྱིས་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སླར་གསོ་ཐད་ལ་ནུས་པ་གལ་ཆེན་བཏོན་ཡོད་དོ། །