འབྱུང་བ་ལྔའི་མ་བུ་དགྲ་གྲོགས་ཀྱི་འབྲེལ་བའི་སྐོར་རགས་ཙམ་གླེང་བ།
བསོད་ནམས་མཚོ། མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། དེ་ཡང་འབྱུང་བ་ཞེས་པ་ནི་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་སྐྱེ་འཇིག་གི་རྒྱུའི་གཙོ་བོ་སྟེ་ས་ཆུ་མེ་ཤིང(རླུང)ལྕགས་བཅས་ཁམས་ལྔ་ལ་བྱ་ཞིང་ཡང་དེ་དག་སོ་སོ་ཁེར་རྐྱང་གིས་རང་རང་ངོ་བོ་ཉིད་ཀྱི་གཟུགས་གཞིའི་ཕུང་པོ་ཞིག་གྲུབ་པ་ཕུད། ཕན་ཚུན་རྟེན་ཅིང་འབྲེལ་བའི་སྒོ་ནས་བརྟན་གཡོའི་དངོས་པོ་ཐམས་ཅད་དམ་སེམས་ཅན་སེམས་མེད་ཀྱི་གཟུགས་རེག་ཡོད་ཚད་གྲུབ་སྟེ། ས་ཁམས་ཀྱིས་འགྲུབ་བྱེད་ཀྱི་རྒྱུ་དང་། ཆུ་ཁམས་ཀྱིས་གཅིག་ཏུ་སྡུད་པ། ཤིང་ཁམས་ཀྱིས་བསྐྱེད་པ། མེ་ཁམས་ཀྱིས་སྨིན་པར་བྱེད་པ། རླུང་ཁམས་ཀྱིས་གཡོ་བར་བྱེད་པའི་རྒྱུ་བསྐྲུན་ནོ། ། དེ་ཡང་། འཇིག་རྟེན་གྱི་དངོས་པོ་མཐའ་དག་སྐྱེ་འཕེལ་རྒུད་འཇིག་བཅས་པའི་གོ་རིམ་ནི་འབྱུང་བ་ལྔ་དང་འབྲལ་དུ་མེད་དེ། དངོས་པོ་ཐམས་ཅད་ཐོག་མར་འབྱུང་བའི་རྡུལ་རྫས་རྣམས་གཅིག་ཏུ་འདུས་ཏེ་རྫས་འགྱུར་གྱིས་གྲུབ་པ་དང་། ཕན་ཚུན་གྲུབ་གཞི་བཏང་སྙོམས་རྣམ་པ་ལུགས་འབྱུང་གི་ཚུལ་དུ་རྒྱུ་བའི་ཚེ་འཕེལ་བ། དུས་ཡུན་ངེས་ཅན་ཞིག་བརྒྱུད་རྗེས་རང་ཤུགས་ཀྱི་ནུས་པ་ཟད་དེ་ཕན་ཚུན་ཆ་མི་སྙོམས་ཤིང་ཚུལ་མིན་ལུགས་ལྡོག་ཏུ་རྒྱུ་བ་ན་རྒུད་པ་དང་། མཐར་འབྲེལ་ཐག་རང་བཞིན་གྱིས་ཆད་དེ་ཐོར་བ་ན་འཇིག་པ་བཅས། འདུས་བྱས་ཐམས་ཅད་མི་རྟག་པ་སྟེ། ཡོད་ཚད་སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་བའི་མངོན་སུམ་ལྡོག་མེད་ཀྱི་འབྱུང་འགྱུར་འདི་དང་གཞོལ་ཐབས་བྲལ་བ་ནང་ཆོས་ཀྱི་ལྟ་བ་ལས་བསྟན་ཡོད་ལ།མར་ཁེ་སི་རིང་ལུགས་པའི་དངོས་གཙོ་རྩོད་སྒྲུབ་ཀྱི་འབྲེལ་བའང་དེ་ལས་མ་འདས། དེའི་ཕྱིར། འབྱུང་བྱའི་དངོས་པོ་དག་སྐྱེ་འཇིག་བརྒྱུད་རིམ་དེ་མཐར་གཏུག་ན་འབྱུང་བ་ལྔའི་མ་བུ་དགྲ་གྲོགས་ཀྱི་འབྲེལ་བ་ཁོ་ན་ཉིད་ལས་བྱུང་བ་ཡིན་ནོ། ། དེ་ཡང་འབྱུང་བ་ལྔའི་མ་བུ་དགྲ་གྲོགས་ཀྱི་འབྲེལ་བ་སྟེ། མ་དང་བུའི་འབྲེལ་བ་ནི་རྩ་བའི་འབྱུང་བ་ལྔས་གཅིག་གིས་གཅིག་སྐྱོང་བའི་འབྲེལ་བ་སྟེ་སྐྱོང་འབྲེལ་ལ་བྱའོ། །དགྲ་ཡི་འབྲེལ་བ་ནི་འབྱུང་བ་ལྔས་གཅིག་གིས་གཅིག་ལ་གནོད་པའམ་འགལ་བ་བཟོ་བ་སྟེ་འགལ་འབྲེལ་དེ་ལ་བྱའོ། །གྲོགས་ཀྱི་འབྲེལ་བ་ནི་འབྱུང་བ་ལྔས་ཕན་ཚུན་གཅིག་གིས་གཅིག་ལ་རོགས་པའམ་མཐུན་རྐྱེན་སྤྲོད་པའི་མཐུན་འབྲེལ་དེ་ལ་བྱའོ། ། རྒྱུད་བཞི་ལས། ཤིང་མེ་ས་ལྕགས་ཆུ་ལྔ་མ་བུ་བསྐོར། །མེ་ཆུ་ས་ཤིང་ལྕགས་ལྔ་དགྲ་གྲོགས་བསྐོར། །མ་བུ་དགྲ་གྲོགས་འབྱུང་བ་བརྟགས་ལ་བརྩི། །ཞེས་པ་ལྟར། རྩ་བ་ལས། ཤིང་མ་ཆུ་ལ་ཆུ་མ་ལྕགས། །ལྕགས་མ་ས་ལ་ས་མ་མེ། །མེ་ཡི་མ་ནི་ཤིང་ཡིན་ནོ། །ཤིང་བུ་མེ་ལ་མེ་བུ་ས། །ས་བུ་ལྕགས་ལ་ལྕགས་བུ་ཆུ། །ཆུ་ཡི་བུ་ནི་ཤིང་ཡིན་ནོ། །ཤིང་དགྲ་ལྕགས་ལ་ལྕགས་དགྲ་མེ། །མེ་དགྲ་ཆུ་ལ་ཆུ་དགྲ་ས། །ས་ཡི་དགྲ་ནི་ཤིང་ཡིན་ནོ། །ཤིང་གྲོགས་ས་ལ་ས་གྲོགས་ཆུ། །ཆུ་གྲོགས་མེ་ལ་མེ་གྲོགས་ལྕགས། །ལྕགས་ཀྱི་གྲོགས་ནི་ཤིང་ཡིན་ནོ། །ཞེས་གསུངས་པ་ལྟར། འབྱུང་བ་ལྔའི་མ་བུ་དགྲ་གྲོགས་ཀྱི་འབྲེལ་བ་དང་དེ་ལྟར་གྲུབ་པའི་རྒྱུ་མཚན་རེ་རེ་བཞིན་གསལ་པོར་གླེང་ན། ཤིང་མ་ཆུ་ནི། སྤྱིར་སྐྱེ་རྒུ་མཐའ་དག་ཆུའི་བརླན་གཤེར་དང་བྲལ་བ་ཞིག་མེད་པར་ཆུས་སྐྱེ་དངོས་ལ་ཚེ་སྲོག་སྟེར། རིག་ལྡན་མིའང་ཆུ་མེད་ན་གཟུགས་གཞིའི་ཕུང་པོ་གཅིག་ཏུ་འདུ་མི་ཐུབ་པ་ལྟར། ཤིང་ནི་གཙོ་བོ་ཆུ་ལ་བརྟེན་ནས་སྐྱེ་བ་དང་རྒྱས་པ་སོགས་ཀྱི་འབྱུང་ལུགས་ཀྱིས་ཆུ་ནི་ཤིང་གི་མ་རུ་གྱུར་པའོ། ། ཆུ་མ་ལྕགས་ནི། བོད་པའི་ངག་རྒྱུན་དུ་ཆུ་བོ་ནི་གངས་རི་ལས་ཐོན་པ་དང་། ཆུ་ཡི་འབྱུང་ཁུངས་གངས་རི་ཡིན་པར་གྲགས་མོད། རྫས་འགྱུར་རིག་པའི་སྟེང་ནས་བརྗོད་ན། དེ་ནི་ཆུ་ཡི་རྡུལ་ཕྲན་གྲུབ་སྟངས་མི་འདྲ་བ་ཁོ་ན་སྟེ། དོན་དངོས་སུ་ས་འོག་གི་ལྕགས་གཏེར་གྱིས་བརླན་གཤེར་བསྡུ་ལེན་བྱས་ཏེ་ཡུན་རིང་གི་རྫས་འགྱུར་འགྱུར་འབྱུང་བརྒྱུད་ནང་གཟུགས་ཀྱི་སྔར་ཡོད་ཆ་རྡུལ་ཕྲེང་ཐག་ཐོར་ཏེ་གསར་སྒྲིག་གི་གཏེར་རམ་རྫས་ཤིག་ཐོན་ལ། དེ་ལས་བརླན་གཤེར་གྱི་ཆུ་བྱུང་བ་རེད། དེ་ལྟར་ལྕགས་ནི་ཆུ་ཡི་མ་རུ་གྱུར་པའོ། ། ལྕགས་མ་ས་ནི། སྲ་ཞིང་འཐས་པའི་ལྕགས་ནི་སྔ་མོར་སའི་གོ་ལར་རྒྱུ་སྐར་ཆེན་པོ་ཞིག་གི་རྡབ་རྡེག་ཐེབས་ཏེ་རྩྭ་རྩི་ཤིང་དང་འབའ་འབུ་སྲོག་ཆགས་ཐམས་ཅད་གཅིག་ཀྱང་མ་ལུས་པར་ཚང་མ་སྲིད་པ་འཇིག་པའི་བར་དུ་སའི་འོག་ཏུ་བཅུག་པ་དང་། དེ་རྣམས་ས་འོག་ནས་ཡུན་རིང་གི་རུལ་ཉམས་དང་འགྱུར་འབྱུང་བརྒྱུད་སླར་ཡང་དེར་བསྟུན་གྱིས་སྐྱེ་བའི་ནུས་སྲོག་རྒྱས་པ་དང་སྐྱེ་བ། ཕན་ཚུན་གཞི་གྲུབ་ཀྱིས་རིན་ཆེན་གཏེར་རྫས་རིགས་སུ་འགྱུར་བ་ལས་ལྕགས་ཀྱང་གཏེར་འདོན་པས་ས་འོག་ནས་བསྔོགས་པ་ལས་བྱུང་ངོ་། །དེ་ལྟར་ས་ནི་ལྕགས་ཀྱི་མ་རུ་ངོས་འཛིན་པའོ། ། ས་མ་མེ་ནི། མེ་ཡིས་དངོས་པོ་མཐའ་དག་བསྲེགས་རྗེས་ཐལ་དུ་འགྱུར་བ་དང་། ཐལ་རྡུལ་བརྩེགས་པ་ལས་སའི་ངོ་བོ་གྲུབ་པས་མེ་ནི་ས་ཡི་མ་རུ་འཇོག་གོ ། མེ་མ་ཤིང་ནི། གདོད་མའི་དུས་སུ་མིའི་རིགས་ཀྱིས་ཤིང་གཙུབ་ནས་མེ་ལེན་པའི་ཐབས་ཤེས་བཀོལ་བ་ལྟར། རྒྱུ་ཤིང་ནི་མེ་ཡི་འབྱུང་རྐྱེན་ཡིན་ལ། ཤིང་གིས་མེ་སྐྱོང་སྲིད་པས་མེ་ཡི་མ་རུ་གྱུར་པའོ། ། དེ་བཞིན་དུ་ཤིང་བུ་མེ་དང་མེ་བུ་ས། ས་བུ་ལྕགས། ལྕགས་བུ་ཆུ། ཆུ་བུ་ཤིང་བཅས་བུ་ཡི་འབྲེལ་བ་གྲུབ་པ་ནི་མ་ཡོད་པས་ན་ལྡོག་སྟེ་དེའི་འབྱུང་བྱ་འབྱུང་བྱེད་ཀྱི་བུ་ཡིན་པས། རྒྱུ་མཚན་གོང་གི་རྣམ་གཞག་དང་ལྡོག་ན་གསལ་ལོ། ། ཤིང་དགྲ་ལྕགས་ནི། ཤིང་དང་ལྕགས་གཉིས་སྲ་གཟུགས་ཡིན་ཡང་། ལྕགས་ནི་ཤིང་ལས་སྲ་ཞིང་འཐས་པས་ཤིང་དག་ཐད་ཀར་གཅོད་བརྡར་འབིག་སོགས་ཤིང་གི་རྣམ་པ་སྒྱུར་བྱེད་ལ་ལྕགས་རིགས་བཀོལ་ལ་ལས་ཀྱང་སླ་བས། ལྕགས་ནི་ཤིང་གི་དགྲ་རུ་གྱུར་པའོ། ། ལྕགས་དགྲ་མེ་ནི། འཇིག་རྟེན་མི་རྟག་པ་སྟེ་དགྲ་ལའང་མཐའ་ཅིག་ཏུ་འཇིགས་པ་མ་ངེས་པར། དེ་དེ་འདུལ་བའི་དགྲ་བོ་འབྱུང་བཞིན་མེ་ཡི་ཚ་ཞིང་སྲེག་པའི་རང་བཞིན་གྱིས་ལྕགས་ཀྱི་ངོ་བོ་ཉིད་བཅོམ་སྟེ་བཞུ་ཐུབ་པ་དང་ཐ་ན་ཡལ་བར་བྱས་ཏེ་དངོས་རྫས་གཞན་འདྲ་མིན་སྣ་ཚོགས་བསྐྲུན་ནུས་པས་མེ་ནི་ལྕགས་ཀྱི་དགྲ་རུ་གྱུར་པའོ། ། མེ་དགྲ་ཆུ་ནི། ཆུ་ཡིས་མེ་ཡི་ཁེངས་དྲེགས་དེ་གསོད་ཐུབ་པ། དཔེར་ན། མེ་འབར་ཚེ་ཆུས་གསོད་ཐུབ་པ་དང་། ཚ་བ་སྐོམ་པ་ཆུས་སེལ་བ། ནད་ཀྱིས་ཚ་བ་རྒྱས་པ་ཆུས་ཚ་བ་གཞོམ་པ། ཚ་ཟེར་དྲག་ཚེ་བསིལ་རླུང་གིས་གཅོག་པ་ལྟ་བུ་རང་བྱུང་གི་འགྱུར་ལྡོག་དེ་དག་གིས་ཀྱང་བདེན་དཔང་ཐུབ་པས། ཆུ་ནི་མེ་ཡི་དགྲ་རུ་འཇུག་པའོ། ། ཆུ་དགྲ་ས་ནི། ས་ཡི་སྲ་ཞིང་མཁྲེགས་པའི་ངོ་བོས་ཆུ་འགོག་པའམ་འཇོམས་པས། མི་རྣམས་ཀྱིས་ཆོས་ཉིད་དེ་སྤྱད་ནས་རང་བྱུང་གི་གནོད་འཚེ་འགོག་པ་བཞིན། ས་ཡིས་ཆུས་ནུས་ཤུགས་འདོན་པར་བར་ཆད་བཟོ་ཐུབ་པས། ས་ནི་ཆུ་དགྲ་རུ་གྱུར་པའོ། ། ས་དགྲ་ཤིང་ནི། རྩྭ་རྩི་ཤིང་སྡོང་པོ་སོགས་ལ་སྲོག་རྩ་ཆུ་མཁོ་ཞིང་ས་སྟེང་སྐྱེ་བ་དང་ས་འོག་བཅུད་རྫས་ལ་བརྟེན་ནས་རྒྱས་པར་བྱ་དགོས་པས།ཤིང་ནི་ཡོན་བདག་དང་དེས་མི་སེར་ས་ལ་བཤུ་གཞོག་གཉའ་གནོན་གྱིས་རང་ཉིད་སྐྱོང་བ་ལྟ་བུར་ཤིང་ནི་ས་ཡི་དགྲ་རུ་འཇུག་པའོ། ། དེ་ལྟར་དགྲ་ཡོད་པ་ལས་གྲོགས་བྱུང་བ་སྟེ། ཤིང་གྲོགས་ས་ནི། གོང་སྨོས་ལས་ས་དགྲ་ཤིང་གྱུར་པས་ཤིང་ནི་ཐོབ་གཞིའི་ཆ་ནས་སའི་གཉེན་པོ་དང་རང་ཉིད་སྐྱེ་བར་སས་གྲོགས་བྱེད་པའི་ཕྱིར། ས་ནི་ཤིང་གི་གྲོགས་སུ་གྱུར་པའོ། ། ས་གྲོགས་ཆུ་ནི། ས་ཡི་བྱེད་ལས་ཀྱི་ནུས་པ་དེ་ཆུའི་བརླན་གཤེར་ལ་བརྟེན་ནས་ཐོན་པ་སྟེ། དཔེར་ན། མི་རྣམས་ཀྱིས་ས་ཆུ་ལྷན་སྦྱོར་གྱིས་ཁང་པ་བསྐྲུན་པ། གཞུང་ལམ་ལས་པ། འདམ་བཟོའི་ཐོན་རྫས་ཕུན་སུམ་ཚོགས་པ་བསྐྲུན་ནུས་པ་སོགས་ཀྱིས་ཆུ་དང་ས་གཉིས་གྲོགས་སུ་སྦྱར་བའོ། ། ཆུ་གྲོགས་མེ་ནི། དཔེར་ན། ཉི་མའི་ཚད་པ་དང་མེ་ཡི་ཚ་ངར་གྱིས་སོ་ཕག་གི་ཆུ་རྣམས་བསྐམས་ནས་དེའི་སྐྲུན་གཞི་སྔར་ལས་བརྟན་པོར་གཏོང་བ་དང་།དབྱར་གྱི་དུས་སུ་འབྱུང་བ་མེ་ཡི་ཁམས་འཕེལ་ནས་དྲོད་བསྐྱེད་དེ་ཆར་ཆུ་འཕེལ་ལ་ཆུ་བོ་རྒྱས་པར་བྱེད་པ།དེ་མིན་རླངས་སྒུལ་འཕྲུལ་འཁོར་དང་རླངས་སྒྲོན། རླངས་སྦུད་གནམ་གྲུ་སོགས་ཚང་མས་ཐོག་མར་མེ་ཡི་ཚ་ཞིང་སྲེག་པའི་ནུས་པ་སྤྱད་དེ་ཆུ་རླངས་ལ་བརྟེན་ནས་འཁོར་སྒུལ་བྱུང་བ་ལྟར། མེ་དང་ཆུ་ནི་གྲོགས་ཀྱི་འབྲེལ་བར་གྱུར་ཏོ། ། མེ་གྲོགས་ལྕགས་ནི། དངོས་གཟུགས་གཙུབ་བརྡར་ལས་མེ་འབྱུང་བ་ལྟར། མེ་ལྕགས་མེ་རྡོ་སྤྲ་བ་གསུམ་ཚོགས་པ་ལས་མེ་བྱུང་ཞིང་མེ་ལྕགས་ནི་མེ་སྐྱེད་བྱེད་ཀྱི་རྒྱུ་གཙོ་བོ་ཡིན་པས། ལྕགས་ནི་མེའི་གྲོགས་པོའོ། ། ལྕགས་གྲོགས་ཤིང་ནི། ལྕགས་ལ་ཤིང་གིས་གྲོགས་བྱས་ན་ནུས་པ་དེ་བས་ཆེ་བ་སྟེ། ལྕགས་སྤྱད་ལག་ཆ་གང་རུང་ལ་ཤིང་གི་ཡུ་བ་སྤྲད་ཚེ་ངར་ཤུགས་ལྷག་པར་འབྱུང་བ་ལྟ་བུར། ཤིང་ནི་ལྕགས་ཀྱི་གྲོགས་སུ་གྱུར་པའོ། ། མདོར་ན། འབྱུང་བ་ལྔའི་མ་བུ་དགྲ་གྲོགས་ཀྱི་འབྲེལ་བ་ནི་དེང་གི་ཚན་རིག་གི་གཞུང་ལུགས་སུའང་ས་ནི་སྐྱེ་དངོས་ཀྱི་གཞི་རྩ་དང་། ཆུ་ནི་འཚོ་བའི་རྒྱུན་འཛིན་གྱི་རྒྱུ། མེ་ནི་དྲོད་དང་ནུས་པའི་འབྱུང་ཁུངས། རླུང་ནི་གློག་དང་དྲོད་ཀྱི་འགྱུར་བ་སྤེལ་བར་བྱེད་པ་བཅས་ས་ཆུ་མེ་རླུང་ནི་རང་བཞིན་གྱི་རྒྱུ་རྐྱེན་ཡིན་པར་བརྗོད་ལ། དེ་དག་གིས་འཇིག་རྟེན་གྱི་འཕེལ་འགྱུར་དང་སྐྱེ་དངོས་ཀྱི་འཚོ་བར་ནུས་པ་གལ་ཆེན་འདོན་གྱི་ཡོད་པར་སྨྲ་ལ། འབྱུང་བ་ལྔ་ནི་བོད་བརྒྱུད་ནང་བསྟན་རིག་པའི་གཞུང་ལུགས་སུ་ཆོས་ཉིད་རིག་པའི་གཞི་རྩའི་གྲུབ་ཆ་ལྔ་ཡིན་ལ། དེ་དག་ནི་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་སོགས་ཀྱི་རྣམ་པར་གྲུབ་པའི་རང་བཞིན་དུ་གྲགས་ཤིང་། ནང་ཆོས་སུ་འཁོར་བ་ཡང་དག་པར་རྟོགས་པར་བྱེད་པའི་གཞི་མ་ཡིན་ལ། གསོ་རིག་ཏུ་འབྱུང་བ་ལྔའི་འབྲེལ་བ་དེ་དག་ནི་ནད་དང་སྨན་གྱི་རང་བཞིན་ཤེས་པར་ནུས་པ་གལ་ཆེན་སྟོན་གྱི་ཡོད་པར་མ་ཟད། དེ་དག་ལ་བརྟེན་ནས་སྨན་པས་ནད་ཀྱི་རྨང་གཞི་དང་བཅོས་ཐབས་ཀྱི་ཐབས་ལམ་གཏན་འཁེལ་བྱེད་ཀྱི་ཡོད།བོད་ཀྱི་སྐར་རྩིས་རིག་པར་འབྱུང་བ་ལྔའི་མ་བུ་དགྲ་གྲོགས་ཀྱི་འབྲེལ་བ་ནི་ཤིན་ཏུ་གལ་ཆེ་སྟེ།དེ་དག་གིས་མིའི་འཚོ་བའི་གནས་སྟངས་དང་འབྲེལ་བའི་གྲོས་ཐག་འདོན་པར་ཕན་ཐོགས་ཀྱི་ཡོད་དོ། །