ཤེས་རབ་སྒྲོལ་མས་ཡ་གླིང་ན་གཞོན་འདུར་རྒྱུག་ཁྲོད་ཨང2པ་བླངས།
发布时间:2025年04月25日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
མཚོ་སྔོན་གྱི་ལུས་རྩལ་པ་ཤེས་རབ་སྒྲོལ་མས་ཡ་གླིང་ན་གཞོན་མཆོང་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་སྡུར་ཁྲོད་དངུལ་གྱི་རྟགས་མ་བླངས།
ཟླ4པའི་ཚེས23ཉིན། ཞིང་ཆེན་ལུས་རྩལ་ཅུས་ཀྱིས་སྤེལ་བའི་གནས་ཚུལ་ལ། མཚོ་སྔོན་གྱི་ལུས་རྩལ་པ་ཤེས་རབ་སྒྲོལ་མས་ཡ་གླིང་ན་གཞོན་གྱི(U18)མཆོང་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་སྡུར་སྐབས་དྲུག་པའི་སྐྱེས་མའིU18ཚན་ཆུང་གི་སྨི5000ཅན་གྱི་འདུར་རྒྱུག་འགྲན་སྡུར་ཁྲོད། མྱུར་ཚད་སྐར་མ23དང་སྐར་ཆ51གི་གྲུབ་འབྲས་བླངས་ནས་དངུལ་གྱི་རྟགས་མ་བླངས་འདུག དེ་ནི་མོ་རང་ཉིད་ཀྱི་མཚར་ལོངས་ཤིག་ཡིན་པར་མ་ཟད། མཚོ་སྔོན་གྱི་འདུར་རྒྱུག་འགྲན་སྡུར་གྱི་སྐས་རིམ་རུ་ཁག་འཛུགས་སྐྱོང་གི་གྲུབ་འབྲས་ཤིག་ཀྱང་རེད།
ཤེས་རབ་སྒྲོལ་མ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ཁྱི་འབྲི་ཡུལ་ཚོའི་བྲག་དཀར་སྡེ་བའི་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་བྱེད་རུ་ཆེན་དང་པོའི་ལུས་རྩལ་པ་ཞིག་ཡིན། ཐེངས་འདིར་མོས་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ཏེ་འགྲན་སྡུར་ལ་ཞུགས་པ་རེད། ཐེངས་འདིའི་འགྲན་སྡུར་གྱིས་ཡ་གླིང་གི་རྒྱལ་ཁབ་སོ་སོ་ནས་ཡོང་བའི་ན་གཞོན་གྱི་ལུས་རྩལ་པ་ཕུལ་བྱུང་ཅན་མང་པོ་ཞིག་ཕེབས་ཡོད་པས་འགྲན་རྩོད་ཧ་ཅང་ཛ་དྲག་ཆེ། ཐེངས་འདིའི་འགྲན་སྡུར་ལས་སྐྱེས་མའིU18ཚན་ཆུང་གི་སྨི5000ཅན་གྱི་འདུར་རྒྱུག་གིས་དེར་ཕེབས་ཀྱི་གཟིགས་མོ་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག འགྲན་སྡུར་ཁྲོད། ཤེས་རབ་སྒྲོལ་མས་རང་ཉིད་ཀྱི་རྣམ་དཔྱོད་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་རིམ་བཞིན་རུ་དཔུང་གི་གདོང་བཟུང་བ་དང་། མཐའ་མཇུག་གི་གདོང་མཆོང་རིམ་པ་སླེབས་དུས་ཀྱང་གོམ་པ་མ་འཆོར་ཞིང་བློ་རྩ་མ་ཞུམ་པར་སྔར་བཞིན་རུ་མི་དུ་མའི་མདུན་དུ་མཆོང་ནས་གཟི་བརྗིད་དང་བཅས་ཨང་གཉིས་པ་བླངས།
འགྲན་སྡུར་གྱི་རྗེས་སུ་མོས་བཅར་འདྲི་དང་ལེན་བྱེད་དུས་འདི་སྐད། གཟེངས་རྟགས་ལེན་པའི་སྡིངས་ཆར་འགྲེང་དུས་དངོས་ནས་སེམས་ཁོང་ལ་འགོག་པ་མེད་པའི་དགའ་སྤྲོ་ཆེན་པོ་ཞིག་དང་སེམས་འགུལ་ཆེན་པོ་ཞིག་གིས་ཁེངས་ཡོང་ཟེར། འགྲན་སྡུར་གྱི་ཆེད་ལས་མི་སྣས་ཀྱང་མོས་གྲུབ་འབྲས་ལ་གདེང་འཇོག་ཚད་མེད་གནང་བ་སྟེ། ཁོ་ཚོས་བལྟས་ཡོང་ན་མོ་ལ་རྨང་གཞི་སྲ་མོ་ཞིག་ལྡན་པ་མ་ཟད། སྙིང་སྟོབས་ཀྱང་དེ་ལས་ལྷག་པ་ཞིག་ལྡན། རྒྱུ་མཚན་མཐའ་མཇུག་གི་དུས་ཚོད་ཐུང་ཐུང་གི་ནང་དུ་རུ་མི་འགའ་བསྐྱར་ནས་མདུན་དུ་མཆོང་བར་མ་ཟད། བྱ་དགའི་སྟེགས་བུར་བསྐྱོད་ཐུབ་པའི་ཚུལ་དེ་ལས་ཤེས་ཐུབ་ཅེས་བརྗོད།