མཚོ་ཁུག་ཏུ་ལས་པའི་ཁྲུང་ཁྲུང་སྐེ་ནག་གི་ཚང་མལ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོངས་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། —མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་ཅུས་ཀྱི་མཚོ་ཁུག་སྐྱེ་ཁམས་བདག་སྐྱོང་པ་རྡོ་རྗེ་མཚོ་མོའི་གནས་ཚུལ་བཀོད་པ། ཟླ4པ་ཚེས་རྗེས། ཁྲུང་ཁྲུང་སྐེ་ནག་སླར་ཡང་མཚོ་སྔོན་པོའི་འགྲམ་ངོགས་སུ་ལོག་པས། རྡོ་རྗེ་མཚོ་མོ་བརླན་སའི་ཁྲུང་ཁྲུང་སྐེ་ནག་ལ་བྱ་ཚང་ལས་པར་བྲེལ་བཞིན་འདུག “ཁྲུང་ཁྲུང་སྐེ་ནག་ལ་དོགས་ཟོན་ཧ་ཅང་ཆེ་བས། བྱ་ཚང་ལས་སྐབས། ཁོ་ཚོས་རྒྱང་རིང་ནས་ང་ཚོར་མིག་ཅེ་རེར་ལྟ་ཞིང་། བྱ་ཚང་ལས་པ་མི་བཟང་ན། སྒོ་ང་མི་རུམ་པ་རེད།” ཟླ4པའི་ཚེས14ཉིན། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་ཅུས་གུང་ཧོ་ཡན་ལག་ཅུས་མཚོ་ཁུག་སྲུང་སྐྱོབ་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་རྡོ་རྗེ་མཚོ་མོ་མཐོང་སྐབས། ཏག་ཏག་མོ་རང་སྐོར་སྲུང་དུ་འགྲོ་བཞིན་པར་འཕྲད། གཟའ་འཁོར་རེར་ཐེངས་གཉིས་ནས་གསུམ་དང་། ཐེངས་རེར་ཕར་ཚུར་སྤྱི་ལེ་བཅུ་ཕྲག་ལྷག་འགྲོ་འོང་བྱེད་དགོས་པའི་སྐོར་སྲུང་བྱ་བ་དེར་མོ་ཐེངས་གཅིག་ཀྱང་ཆད་མ་མྱོང་། རྡོ་རྗེ་མཚོ་མོ་ཡོད་སའི་མཚོ་ཁུག་སྲུང་སྐྱོབ་ས་ཚིགས་ཀྱི་དོ་དམ་བདག་སྐྱོང་ས་ཁོངས་ནི་གཙོ་བོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྲེའུ་ནག་གྲོང་རྡལ་ཡིན་ལ། གནས་དེའི་ཁྲུང་ཁྲུང་སྐེ་ནག་ཐེངས་གང་མང་ལ་དྲ་རྒྱའི་སྨྱན་བྱད་སྟེང་ཚང་མའི་མིག་ལམ་དུ་མངོན་མྱོང་། ཟླ་བཞི་པ་ནི་ཏག་ཏག་ཁྲུང་ཁྲུང་སྐེ་ནག་འབབ་སྡོད་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པ་དང་། བདག་སྐྱོང་པ་རྡོ་རྗེ་མཚོ་མོས་གནད་དུ་བཟུང་སྟེ་སྐོར་སྲུང་བྱེད་པའི་དུས་སྐབས་ཡང་ཡིན། “སྐྱེ་ཁམས་ཇེ་ལེགས་སུ་གྱུར་ཡོད་པས། མཐོང་ཡུལ་དུ་གྱུར་པའི་རི་སྐྱེས་སྲོག་ཆགས་ཀྱང་ཇེ་མང་ནས་ཇེ་མང་རེད།” གཙོད་དང་རྐྱང་། ངང་དཀར། ཁྲུང་ཁྲུང་སྐེ་ནག་སོགས་ཡོད་ཅེས་རྡོ་རྗེ་མཚོ་མོས་གསར་འགོད་པར་མོས་མཐོང་མྱོང་བའི་སྲོག་ཆགས་ངོ་སྤྲོད་བྱེད་ཞོར་གདོང་ལ་དགའ་བའི་ཉམས་ཀྱིས་ཁེངས་ཡོད་ལ། མཚོ་འཕགས་མཐོ་བའི་ས་ཆར་ཆེད་དུ་ཡོད་པའི་མཐོ་སྒང་གི་དམར་ཤ་ཆགས་པའི་གདོང་ལས་ལྷུག་པོར་གྲོལ་བའི་འཛུམ་མདངས་དེས་མིའི་སེམས་ཀྱི་སྡུག་བསྔལ་མཐའ་དག་སངས་པར་བྱེད། ད་ལོ་ལོ27ལ་སོན་པའི་རྡོ་རྗེ་མཚོ་མོ་ནི་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། 2023ལོར་སྐྱེ་ཁམས་བདག་སྐྱོང་རུ་ཁག་ནང་ཞུགས་པའི་ཚུན་དུ། སྐོར་སྲུང་ལྟ་ཞིབ་ཚད་ལེན་དང་སྡེ་ཁུལ་མཉམ་སྐྱོང་། ཚན་ཞིབ་མཉམ་ལས་དང་སྐྱེ་ཁམས་ཁྱབ་སྤེལ་བྱས་པས། སྔོ་ཡུག་ཡུག་གི་མཚོ་སྔོན་པོའི་རླབས་རིས་ཁྲོད་མོའི་གཟུགས་རིས་རྒྱུན་དུ་མཐོང་ལ། མཚོ་འགྲམ་གྱི་བརླན་སའི་རྩྭ་ལྗང་གི་གསེབ་ཏུ་མོའི་རྐང་རྗེས་གསལ་པོར་ཕབ་ཡོད། རྡོ་རྗེ་མཚོ་མོས་རླངས་འཁོར་བསྐོར་མི་ཤེས་པས། རྐང་ཐང་དུ་སྐོར་སྲུང་ལ་འགྲོ་རྒྱུ་ནི་མོའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད། པར་ཆས་དང་རྒྱང་མཐོང་ཁུར་ཏེ་ཉིན་རྒྱུན་གྱི་སྐོར་ཞིབ་སྲུང་སྐྱོབ་བྱ་བར་འཇུག་རྒྱུ་ནི་མོས་ཡུལ་གྲུ་དེར་ལྟ་སྐྱོང་བྱེད་པའི་ལས་འགན་གཙོ་བོ་རེད། དབྱར་ཚ་གདུག་དང་དགུན་བཙག་རླུང་གང་ཞིག་ལ་འཕྲད་རུང་། མོ་རང་བརླན་ས་དང་རྩྭ་ཐང་། གཙང་འགྲམ་བཅས་སུ་ཕར་འགྲོ་ཚུར་འོང་བྱས་ནས། རི་སྐྱེས་སྲོག་ཆགས་འགྲོ་འདུག་བྱ་ཡུལ་ལ་ལྟ་ཞིབ་ཚད་ལེན་དང་། ཆུ་སྤུས་འགྱུར་ལྡོག་གི་གཞི་གྲངས་ཟིན་ཐོར་འགོད་པ། བཙོག་ཆུ་ཐག་གཅོད་བྱ་ཡུལ་དང་གད་སྙིགས་ས་འོག་ཏུ་འཇུག་སའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་པ་བཅས་ཀྱི་ལས་ཀ་རྒྱུན་འཁྱོངས་བྱེད་བཞིན་ཡོད། སྐོར་སྲུང་བྱེད་ཐེངས་རེར་རྒྱུན་པར་སྤྱི་ལེ་བཅུ་ལྷག་འགྲོ་དགོས་ལ། མར་སྒུར་ཏེ་གད་སྙིགས་འཐུ་བ་དང་སྤང་ཤུན་ལ་ལྟ་ཞིབ་བྱེད་པ། གོམ་མཚམས་བཞག་སྟེ་སྐྱེ་དངོས་ཀྱི་རིགས་ཟིན་ཐོར་འགོད་པ་བཅས། དགུན་གྱི་བཙག་རླུང་རུས་རྐང་དུ་ཟུག་ནའང་མོ་ཁ་བས་གཡོགས་པའི་རྩྭ་སར་རྐང་ཐང་དུ་འགྲོ་དགོས་ལ། དབྱར་ཚ་གདུག་ཇི་འདྲ་ཆེ་ནའང་། མོས་འབུ་སྲིན་གྱིས་རྨུགས་པའི་ན་ཟུག་བཟོད་བསྲན་བྱས་ཏེ་འདམ་རྫབ་ཀྱིས་ཁེངས་པའི་ལམ་ཀྱོག་མང་པོ་བརྒལ་དགོས། མོའི་བརྟན་སྲུང་གི་སྙིང་རུས་དེས་མཚོ་སྔོན་པོའི་བྱ་ལོང་ལྟག་ཁྲ་དང་སྦྲེ་སོགས་སྲོག་ཆགས་ཀྱི་རིགས་དཀོན་པོ་དག་ལ་འཚོ་སྡོད་དང་སྐྱེ་འཕེལ་བྱེད་སའི་གནས་མལ་བསྐྲུན་ཡོད། “རྩྭ་ཆུ་དང་མཚེའུ་དང་ཉ་དང་འདབ་ཆགས་གཅན་གཟན”བཅས་ཀྱི་མཉམ་གནས་མ་ལག་དོ་མཉམ་ཡོང་བར་བྱས་ཡོད་པས། སྐོར་སྲུང་པ་ནི་སྐྱེ་ཁམས་དྲ་རྒྱའི“དུང་བརྡ་རྒྱག་མཁན”དུ་གྱུར་ཏེ། སྐྱེ་ཁམས་དོ་དམ་ཁྲོད་གནད་འགག་གི་ནུས་པ་འདོན་བཞིན་ཡོད། “མཚོ་སྔོན་པོ་ནི་ཉ་དང་འདབ་ཆགས་མཉམ་གནས་བྱེད་སའི་ས་ཆ་ཞིག་ཡིན་ལ། མཚོ་ཁུག་ཏུ་ཡོད་པའི་འཐུས་ཚབ་རང་བཞིན་གྱི་ཆུ་བྱའི་རིགས་ལ་ངང་དཀར་དང་ཁྲུང་ཁྲུང་སྐེ་ནག བྱ་ལོང་ལྟག་ཁྲ་བཅས་ཡོད། ང་རང་ད་ལྟ་ཁོ་ཚོའི་གྲངས་ཀ་དང་གནས་ཡུལ་ཁྱབ་ཚུལ་ལ་རྒྱུས་ལོན་ཟབ་མོ་ཡོད། ཉི་མ་རེ་རེར་ཁོ་ཚོར་ལྟ་སྐྱོང་བྱས་ན་ཤིན་ཏུ་དོན་སྙིང་ལྡན”ཞེས་རྡོ་རྗེ་མཚོ་མོས་དེ་ལྟར་བཤད། མཚོ་སྔོན་པོའི་རླབས་རིས་ཤིག་ཤིག་བྱེད། ད་ལྟའི་མཚོ་སྔོན་པོའི་ཆུ་སྤུས་ལེགས་ཚད100%རུ་སླེབས་ཡོད་ལ། རྩྭ་སའི་ཕྱོགས་བསྡུས་ཀྱི་སྔོ་ཁེབས་ཚད60%ལ་སླེབས་ཡོད་པ་དང་། བརླན་སའི་སྲུང་སྐྱོབ་ཚད69%ལ་སླེབས་ཡོད། གལ་ཏེ་ཁྱེད་རང་མཚོ་སྔོན་པོའི་འགྲམ་ངོགས་སུ་བསྐྱོད་ན། བརྗིད་ཆགས་མཛེས་ཉམས་ཀྱིས་ཕྱུག་པའི་མཛེས་ལྗོངས་དང་འབྲོག་པའི་འཛུམ་མདངས་མཐོང་ཐུབ། སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན་པའི་ཆ་ནས། ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་བྱེད་རྒྱུ་ནི་རྡོ་རྗེ་མཚོ་མོའི་ཉིན་རྒྱུན་གྱི་ལས་ཀ་རེད། ལོ་རེའི་བྱ་ཕྲུག་བཙའ་བའི་དུས་ལ་སླེབས་སྐབས། བརླན་ས་རུ་རྡོ་རྗེ་མཚོ་མོ་དང་འབྲོག་པ་ཚོས་མཉམ་འབྲེལ་བྱས་ནས། ཆུ་རྩྭ་དང་རྩྭ་འབྲུ་སྤྱད་དེ་བྱ་ཚང་ལས་བཞིན་ཡོད་ལ། འབབ་ཞོད་ཆེ་བའི་དུས་སུ། མཚོ་ཆུ་རྒྱས་ཏེ་བྱ་ཚང་གི་བདེ་འཇགས་ལ་ཉེན་ཁ་འབྱུང་བཞིན་ཡོད་ནའང་། རྡོ་རྗེ་མཚོ་མོས་ཆར་ཆུ་ལ་མི་འཛེམ་པར་བྱ་ཚང་ཇེ་བརྟན་དུ་བཏང་ནས། ཁྲུང་ཁྲུང་སྐེ་ནག་གི“བཙའ་སྐྱེ་ཁང”མུ་མཐུད་དུ་བརྟན་སྲུང་བྱེད་བཞིན་ཡོད། གྲུབ་འབྲས་འདིའི་ནང་ཚེ་སྲོག་ལ་གུས་སྐྲག་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་བྱེད་པའི་བློ་གྲོས་འདུས་ཡོད། དཔེ་ཆ་ནས་རང་བྱུང་ཁམས་ཏེ། རྡོ་རྗེ་མཚོ་མོས་སློབ་ཆེན་འགྲིམ་སྐབས་དངོས་མཚོན་གློག་བརྙན་མང་པོར་བལྟས་མྱོང་ལ། དེའི་ཁྲོད་དུ་མོར་ཆེས་སེམས་འགུལ་ཐེབས་སུ་བཅུག་པ་ནི《གླིང་སྣེ་གསུམ་པ》ཞེས་པ་དེ་རེད། ལྷག་པར་མི་དང་རང་བྱུང་བར་གྱི་ཁྱད་མཚར་བའི་དོ་མཉམ་དང་དེ་མིན་ད་རུང་ཤིན་ཏུ་རྩུབ་པའི་རང་བྱུང་ཁོར་ཡུག་ཁྲོད་མིའི་རིགས་ཀྱི་ཚེ་སྲོག་གི་བཟོད་ནུས་མཐོང་བས། མོས་མི་དང་རང་བྱུང་འཆམ་མཐུན་གྱི་བརྗོད་གཞི་དེར་སྔར་བས་དོ་ཁུར་ཆེན་པོ་བྱས། ད་ལྟ། རང་ཉིད་དགའ་བའི་ལས་ལ་འཇུག་གིན་ཡོད་ལ། ཐ་ན་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་གསར་གཏོད་ལ་བརྟེན་ནས་ཁྲུང་ཁྲུང་སྐེ་ནག་གི་བྱ་ཚང་ལེགས་སྒྱུར་དང་། འབྲོག་པའི་སྲོལ་རྒྱུན་གྱི་ཉམས་མྱོང་དང་ཟུང་འབྲེལ་སྒོས་རྒྱུ་ཆ་ལེགས་བཅོས་བྱས་ནས་བྱ་ཚང་ལས་པས། ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ཀྱི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། དེ་དག་ཡོད་ཚད་ཀྱིས་རྡོ་རྗེ་མཚོ་མོར་སྐྱིད་སྣང་བསམ་གྱིས་མི་ཁྱབ་པ་ཞིག་སྦྱིན། “ང་རང་འདི་འདྲའི་མཛེས་སྡུག་ལྡན་པའི་ཡུལ་གྲུ་ཞིག་ཏུ་འཚར་ལོངས་བྱུང་བ་ནི་མ་གཞི་ནས་བདེ་སྐྱིད་ཅིག་ཡིན་ལ། ད་ལྟ་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པའི་ཐད་རང་ནུས་ཅི་ལྕོགས་ཀྱིས་བྱས་རྗེས་རེ་འཇོག་ཐུབ་ན། དེ་ལས་ལྷག་པའི་གཟི་བརྗིད་ལྡན་པའི་བྱ་བ་ཞིག་ག་ལ་ཡོད”ཅེས་རྡོ་རྗེ་མཚོ་མོས་དེ་སྐད་བཤད། “2024ལོར‘འབྲོག་པའི་བརྙན་ལེན་གསོ་སྦྱོང’ལས་གཞིའི་ནང་ཞུགས་པའི་ཚུན་དུ། རྡོ་རྗེ་མཚོ་མོས་འབྲོག་པ་ཚོ་དང་མཉམ་དུ་མཚོ་ཁུག་བརྙན་ལེན་ཚན་ཆུང་བཙུགས་ཏེ། མཚོ་སྔོན་པོའི་རང་བྱུང་སྐྱེ་ཁམས་དང་འབྲོག་པའི་ཉིན་རྒྱུན་གྱི་ངལ་རྩོལ་ཐོན་སྐྱེད་བརྗོད་གཞི་ཡིན་པའི་དངོས་མཚོན་གློག་བརྙན་རབ་དང་རིམ་པ་ཞིག་བརྙན་བླངས་ཤིང་། ཁོམ་ལོང་ཡོད་དུས། མོས་ད་དུང་ཡུལ་སྐད་ཀྱི་ལམ་ནས་འབྲོག་པ་ཚོར་ཕྱུགས་འགོག་སྲིད་ཇུས་དང་གད་སྙིགས་རིགས་དབྱེའི་སྐོར་གྱི་ཤེས་བྱ་འཆད་འགྲེལ་བྱེད་ཀྱིན་ཡོད”ཅེས་མཚོ་ཁུག་སྲུང་སྐྱོབ་ས་ཚིགས་ཀྱི་ཀྲན་ཀྲང་ཡུས་ཞའོ་ཝེ་ཡིས་དེ་ལྟར་མཚམས་སྦྱོར་བྱས། ཉིན་གུང་ལ་སླེབས་པ་ན། རྡོ་རྗེ་མཚོ་མོ་དང་ལས་གྲོགས་ཚོས་འོ་ཇ་དཀར་ཡོལ་གང་དང་གོ་རེ་སྐམ་པོ་རེ་ཟོས་རྗེས། རྒྱང་མཐོང་དང་སྐོར་སྲུང་ཉིན་ཐོ་སོགས་མཁོ་ཆས་ཁྱེར་ཏེ། སླར་ཡང་འབབ་སྡོད་བྱས་ཡོད་པའི་ཁྲུང་ཁྲུང་སྐེ་ནག་ལ་བྱ་ཚང་ལས་པར་ཆས་སོང་། །