སྐྲན་ནད་ཀྱི་སྔ་དུས་ཚགས་བཤེར་ནི་ཤིན་ཏུ་གནད་འགག་ཡིན།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། སྐྲན་ནད་ནི་དུས་རབས་འདིའི་བདེ་ཐང་གི་འཇིགས་སྐུལ་ཆེ་ཤོས་དང་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་པའི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་གལ་ཆེན་ཞིག་རེད། གསོ་རིག་ཞིབ་འཇུག་རྒྱུན་མི་ཆད་པར་ཇེ་ཟབ་དང་ཚན་རིག་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། མི་རྣམས་ཀྱིས་སྨན་བཅོས་དང་བསྡུར་ན་སྔོན་འགོག་བྱ་རྒྱུ་ནི་དེ་བས་གལ་ཆེན་ཡིན་པ་རྟོགས་ཡོད་ཅིང་། སྔོན་འགོག་གི་ཐབས་ཇུས་ཁྲོད་སྐྲན་ནད་ཀྱི་སྔ་དུས་ཚགས་བཤེར་ནི་དེ་བས་ཀྱང་གནད་འགག་རེད། སྐྲན་ནད་ཀྱི་སྔ་དུས་ཚགས་བཤེར་ལ་ཅིའི་ཕྱིར་བརྩི་མཐོང་བྱེད་དགོས། ཚན་རིག་ཞིབ་འཇུག་འབོར་ཆེན་ལས་ར་སྤྲོད་བྱས་པ་ལྟར་ན། སྐྲན་ནད་ཀྱི་སྔ་དུས་ཚགས་བཤེར་གྱིས་སྐྲན་ནད་ཀྱི་བསྡུར་ཚད་དང་ནད་པའི་གསོན་ཚད་མཐོར་འདེགས་བཏང་ནས་སྐྲན་ནད་ཀྱི་ཤི་ཚད་ཇེ་དམའ་རུ་གཏོང་ཐུབ། 2000ལོ་ནས2018ལོའི་བར། རང་རྒྱལ་གྱི་སྐྲན་ངན་གྱི་ལོ་ཚོད་རྟགས་ཅན་གྱི་ནད་འབྱུང་ཚད་ལོ་རེར1.4%ཡི་མྱུར་ཚད་ལྟར་འཕར་བཞིན་ཡོད། ཡིན་ནའང་ཤི་ཚད་ནི་ཧ་ལམ་ལོ་རེར1.3%གྱི་མྱུར་ཚད་ལྟར་ཇེ་དམའ་རུ་འགྲོ་བཞིན་ཡོད། གསལ་པོར་བཤད་ན། བགྲེས་འགྱུར་ཅན་གྱི་རྒྱུ་རྐྱེན་དོར་ན། སྐྲན་ནད་ཀྱི་འབྱུང་ཚད་སྔར་ལས་མང་ཡང་འཆི་བའི་ཉེན་ཁ་ཇེ་དམའ་རུ་འགྲོ་བཞིན་ཡོད། དེའི་ཁྲོད་རྒྱུ་རྐྱེན་ཆེས་གཙོ་བོ་ནི་སྨན་བཅོས་ཀྱི་འཕེལ་རྒྱས་དང་སྔ་དུས་ཀྱི་ཚགས་བཤེར་གཉིས་རེད། གསོ་བཅོས་བྱེད་ཐབས་གསར་པ་སྟེ་དཔེར་ན་འབེན་ཕྱོགས་གསོ་བཅོས་དང་རིམས་འགོག་གསོ་བཅོས་ཀྱིས་སྐྲན་ནད་ནད་པའི་སྨན་བཅོས་ཕན་འབྲས་ཇེ་ཆེར་བཏང་ནས། སྔར་འཚོ་གནས་དུས་ཡུན་ཧ་ཅང་ཐུང་བའི་ནད་པ་དུས་ཡུན་རིང་པོར་འཚོ་གནས་དང་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་་བཞིན་ཡོད། དེ་ཡང་ཚགས་བཤེར་གྱིས་ནད་པ་མང་པོར་སྔ་མོ་ནས་ནད་ཤེས་རྟོགས་དང་སྔ་མོ་ནས་སྨན་བཅོས་བྱེད་དུ་བཅུག་སྟེ། སྨན་བཅོས་ཀྱི་ཕན་འབྲས་ལེགས་པོ་ཐོབ་ཡོད། དཔེར་ན་ནུ་འབྲས་དང་གཞང་འབྲས། གློ་འབྲས་སོགས་ལོ་སུམ་ཅུའི་སྔོན་དང་བསྡུར་ན། ནད་རིགས་ཚགས་བཤེར་ས་ཁུལ་གྱི་སྔ་དུས་ནད་པའི་བསྡུར་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་། ནད་པའི་རྗེས་འབྲས་སྔོན་དཔག་ལ་མཐོར་འདེགས་ཧ་ཅང་ཆེན་པོ་བྱུང་ཡོད། འདས་པའི་ལོ30ཡི་རིང་ལ་ཨ་རིའི་འབྲས་སྐྲན་གྱི་ཤི་ཚད1/3ཇེ་དམའ་རུ་སོང་བ་དང་གསོན་ཚད་འདས་པའི་དུས་རབས་ཕྱེད་ཀྱི་ནང40%ཇེ་མཐོར་སོང་ཡོད། སྔ་དུས་ཤེས་རྟོགས་བྱུང་བའི་འབྲས་སྐྲན་དང་། ཐ་ན་འབྲས་སྐྲན་སྔོན་གྱི་ནད་འགྱུར་ནི། སྨན་བཅོས་བྱེད་ཐབས་ལྟོས་བཅས་ཀྱིས་སྟབས་བདེ་ཡིན་ལ་ནད་པའི་རྗེས་འབྲས་སྔོན་དཔག་ཀྱང་ཤིན་ཏུ་བཟང་བར་མ་ཟད། ད་དུང་ཚད་མཐོའི་སྨན་བཅོས་འགྲོ་གྲོན་དང་སྤྱི་ཚོགས་ཐོན་ཁུངས་ཀྱི་ཟད་གྲོན་ཇེ་ཉུང་དུ་གཏོང་ཐུབ་པ་དང་། ནད་པ་དང་ཁྱིམ་མིའི་དཔལ་འབྱོར་གྱི་ཁུར་པོ་ཇེ་ཡང་དུ་གཏོང་ཐུབ། ནུ་མའི་འབྲས་སྐྲན་སྔ་དུས་ནས་ཤེས་རྟོགས་བྱུང་རྗེས་ནད་པས་ནུ་སྲུང་གཤགས་བཅོས་བྱས་ཆོག་པར་མ་ཟད། མི་མང་པོ་ཞིག་གིས་རྫས་འགྱུར་སྨན་བཅོས་ཀྱི་སྡུག་བསྔལ་ཡང་མྱོང་མི་དགོས། འོན་ཀྱང་གལ་ཏེ་འབྲས་སྐྲན་ལུས་ཡོངས་སུ་ཁྱབ་རྗེས་ད་གཟོད་ཤེས་རྟོགས་བྱུང་ན་ནད་པའི་འཚོ་གནས་དུས་ཡུན་ཐུང་བ་དང་འཚོ་བའི་སྤུས་ཚད་ཧ་ཅང་ཞན་པར་མ་ཟད་ཚད་མཐོའི་སྨན་བཅོས་འགྲོ་གྲོན་གྱིས་ནད་པའི་ཁྱིམ་མི་ལ་དཔལ་འབྱོར་གྱི་ཁུར་པོ་ལྕི་མོ་སྤྲོད་སྲིད། སྐྲན་ནད་ཀྱི་སྔ་དུས་ཚགས་བཤེར་བྱེད་དུས་ཅི་ཞིག་ལ་དོ་སྣང་བྱེད་དགོས། རང་སྟེང་གི་སྐྲན་ནད་འབྱུང་བའི་ཉེན་ཁ་ལ་རྒྱུས་ལོན་བྱེད་དགོས། མི་རེ་རེར་རིགས་མི་འདྲ་བའི་སྐྲན་ནད་ཕོག་པའི་ཉེན་ཁ་མི་འདྲ་བས་རང་ལ་སྐྲན་ནད་གང་འབྱུང་བའི་ཉེན་ཁ་ཡོད་པ་ཤེས་རྗེས་དེ་ལ་འབྲེལ་ཡོད་ཀྱི་ཞིབ་བཤེར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། ཁྱིམ་རྒྱུད་ཀྱི་སྐྲན་ནད་ལོ་རྒྱུས་དང་འཚོ་བའི་གོམས་གཤིས་མི་ལེགས་པ། དམིགས་བསལ་གྱི་ནད་དུག་འགོས་པའི་གནས་ཚུལ་ཏེ་དཔེར་ན་མཆིན་པའི་ནད་དུག་ཁ་བ་དང་མིའི་ནུ་ཏོག་སྐྲན་གྱི་ནད་དུག་འགོས་པའམ་ཡང་ན་དམིགས་བསལ་གྱི་ནད་རིགས་བྱུང་མྱོང་བ་ལ་སྐྲན་ངན་ཁ་ཤས་འབྱུང་བའི་ཉེན་ཁ་ཆེ། ཚགས་བཤེར་དང་ལུས་ཁམས་བརྟག་བཤེར་གྱི་འཆར་འགོད་ལེགས་པོ་བྱེད་དགོས། སྐྲན་ནད་ཀྱི་ཚགས་བཤེར་ནི་ཐེངས་གཅིག་ལ་བྱས་པ་ཙམ་གྱིས་མི་ཚེ་གང་བོར་གནད་དོན་མེད་པ་ཞིག་མིན། དེ་ལ་དུས་ཡུན་རིང་པོའི་ཚགས་བཤེར་གྱི་འཆར་གཞི་བཟོ་དགོས། དཔེར་ན། ལོ40ཡན་གྱི་གཉེན་སྒྲིག་བྱས་ཟིན་པ་དང་། ཁྱིམ་རྒྱུད་དུ་སྐྲན་ནད་བྱུང་བའི་ལོ་རྒྱུས་མེད་ཅིང་དུ་བ་མི་འཐེན་ནའང་རྒྱུན་དུ་ཚིལ་དང་སྤྲི་དཀར་མཐོ་བའི་ཟས་རིགས་ཟ་རྒྱུར་དགའ་བའི་སྤྱིར་བཏང་གི་བུད་མེད་ཞིག་ཡིན་ན། ལོ་གཅིག་ནས་གཉིས་བར་མཉམ་འབྲེལ་བརྟག་དཔྱད་ཐེངས་རེ་བྱེད་དགོས་ལ། བསྟུད་མར་ཐེངས་གཉིས་ཀྱི་ཉིང་སྐྱུར་བརྟག་དཔྱད་དང་མངལ་སྐེ་ཕྲ་ཕུང་རིག་པའི་བརྟག་དཔྱད་རྒྱུན་ལྡན་ཡིན་རྗེས་ལོ་གསུམ་ལ་ཚགས་བཤེར་ཐེངས་གཅིག་བྱེད་དགོས། ལོ45ཡི་རྗེས་ནས་རྒྱུ་ཤེལ་གྱི་བརྟག་དཔྱད་ཐེངས་གཅིག་བྱེད་དགོས་པར་མ་ཟད། མཇུག་འབྲས་གཞིར་བཟུང་ནས་ཐེངས་རྗེས་མའི་བརྟག་དཔྱད་ཀྱི་དུས་ཚོད་གཏན་འཁེལ་བྱེད་དགོས། ལོ65ཡི་རྗེས་ནས་གལ་ཏེ་མངལ་སྐེ་ཕྲ་ཕུང་རིག་པའི་བརྟག་དཔྱད་སྔར་བཞིན་སྲིབ་གཤིས་ཡིན་ན་མངལ་སྐེའི་འབྲས་སྐྲན་གྱི་ཚགས་བཤེར་གནས་སྐབས་སུ་མཚམས་བཞག་ཆོག འོན་ཀྱང་ནུ་མའི་གཤེར་རྨེན་དང་འཇུ་ལམ་སྐྲན་ནད་ཀྱི་ཚགས་བཤེར་སྔར་བཞིན་མུ་མཐུད་དུ་བྱེད་དགོས། ཚགས་བཤེར་མཇུག་འབྲས་ལ་ཚན་རིག་དང་མཐུན་པའི་ལྟ་སྟངས་འཛིན་དགོས། སྐྲན་ནད་ཀྱི་ཚགས་བཤེར་གོ་རིམ་ཁྲོད་ཚང་མས་གང་དག་ནི་ཚགས་བཤེར་རང་བཞིན་གྱི་ཞིབ་བཤེར་དང་གང་དག་ནི་ནད་དཔྱད་རང་བཞིན་གྱི་ཞིབ་བཤེར་ཡིན་པ་ཡང་དག་སྒོས་དབྱེ་བ་འབྱེད་ཤེས་དགོས། ཚགས་བཤེར་གྱི་དམིགས་ཡུལ་ནི་གཙོ་བོ་སྟབས་བདེ་དང་རིན་དམའ་བའི་བྱེད་ཐབས་ལ་བརྟེན་ནས་ཉེན་ཡོད་མི་སྣ་ཤེས་རྟོགས་བྱེད་པ་དང་དེ་ལ་ནད་དཔྱད་རང་བཞིན་གྱི་ཞིབ་བཤེར་སྔར་བས་བཟང་བོ་བྱེད་ཆེད་ཡིན། སྔ་དུས་ཚགས་བཤེར་ཁ་ཤས་ཀྱི་མཇུག་འབྲས་ནི100%ཡང་དག་ཡིན་པའི་ངེས་པ་མེད་པར། གདགས་གཤིས་དང་སྲིབ་གཤིས་རྫུན་མ་ཡིན་ཡང་སྲིད་ལ་དུས་ཡུན་ངེས་ཅན་ཞིག་ལ་ལྟ་ཞིབ་དང་རྗེས་འདེད་བྱས་རྗེས་སྡོམ་ཚིག་འགོད་དགོས་ཀྱང་སྲིད། ཚང་མས་ཚན་རིག་དང་མཐུན་པའི་རྣམ་འགྱུར་ཡང་དག་བཟུང་ནས་གདགས་གཤིས་རྫུན་མའི་ཚགས་བཤེར་གྱི་མཇུག་འབྲས་ལ་སྐྲག་སྣང་སྐྱེ་མི་དགོས་ལ། སྲིབ་གཤིས་རྫུན་མའི་ཚགས་བཤེར་གྱི་མཇུག་འབྲས་ལ་དོགས་ཟོན་རྩ་བ་ནས་ལྷོད་གཡེང་གཏོང་མི་རུང་། དཔེར་ན། ལོང་གའི་འབྲས་ནད་ཀྱི་ཚགས་བཤེར་བརྒྱུད་རིམ་ཁྲོད་གལ་ཏེ་གཞང་བའི་ནང་དུ་མི་མངོན་པའི་ཁྲག་གི་གྲུབ་ཆ་ཡོད་ན་ཡང་དེ་ནི་རྒྱུ་མའི་སྐྲན་ནད་ཡོད་ཁོ་ཐག་ཡིན་པའི་ངེས་པ་མེད་པར། རྒྱུ་ཤེལ་གྱི་ཞིབ་བཤེར་ལ་བརྟེན་ནས་མུ་མཐུད་དུ་ངོས་འཛིན་དགོས། མི་ལ་ལའི་བྲང་ཁའིCTརུ་ཐོག་མར་ནད་རྟགས་མངོན་ནའང་དེས་གློ་བར་སྐྲན་ནད་ཡོད་པ་མི་མཚོན་ལ་གཉན་ཚད་ཡིན་ཡང་སྲིད་པས་དུས་ཡུན་ངེས་ཅན་ཞིག་ལ་ལྟ་ཞིབ་བྱས་རྗེས་ད་གཟོད་སྡོམ་ཚིག་འགོད་དགོས། ཚགས་བཤེར་གྱི་བརྒྱུད་རིམ་ཁྲོད། སྐབས་འགར་ཚགས་བཤེར་གྱི་མཇུག་འབྲས་ནི་གདགས་གཤིས་མིན་ནའང་། གལ་ཏེ་མི་བདེ་བ་ཡོད་ན་སྔར་བཞིན་སྨན་བཅོས་བྱེད་དུ་འགྲོ་དགོས། སྐྲན་ནད་ཀྱི་སྔ་དུས་ཚགས་བཤེར་ནི་ཚན་རིག་དང་མཐུན་པའི་སྒོ་ནས་སྐྲན་ནད་འགོག་བཅོས་བྱེད་པའི་གོ་རིམ་གལ་ཆེན་ཞིག་རེད། སྐྲན་ནད་བྱུང་རྗེས་ང་ཚོས་སྣང་མེད་དུ་མི་འཇོག་པར་རང་འགུལ་གྱིས་ཐབས་དང་བཀོད་པ་འཚོལ་དགོས་ཏེ། སྔ་དུས་ཚགས་བཤེར་བྱས་ནས་སྔ་དུས་སུ་སྨན་བཅོས་བྱེད་པའི་ཐབས་ཇུས་བརྒྱུད་ནས་འཚོ་གནས་ཀྱི་གོ་སྐབས་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས། དེ་ལས་གཞན་བདེ་ཐང་གི་འཚོ་བ་རོལ་སྟངས་དང་ཟུང་འབྲེལ་བྱས་ནས་མཉམ་དུ་སྐྲན་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་འཛུགས་དགོས། བརྒྱུད་རིམ་འདིའི་ཁྲོད་དུ་མི་རེ་རེས་དོ་སྣང་དང་སྔ་དུས་ནས་ཚགས་བཤེར་བྱས་ཏེ་ཚེ་སྲོག་ལ་གཅེས་སྤྲས་དང་བརྩི་མཐོང་བྱེད་དགོས། ། (དངོས་སྦྱོང་སློབ་མ་ཤ་བོ་ཚེ་བརྟན་གྱིས་བསྒྱུར།)