བོད་མཁར་རྐང་ཚའི་ཕན་བདེའི་རྒན་གསོ་ཁང་།
发布时间:2025年05月13日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས།
མཚོ་སྔོན་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། ཞོགས་པའི་ཉི་ཟེར་གྱི་མཛུམ་ཆུང་ལྷུག་པོར་གྲོལ་བའི་དུས་བཟང་དེར། ངེད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་དམངས་ཀྱི་འཚོ་བའི་བདེ་སྐྱིད་ལས། མཚོ་སྔོན་གསར་བའི་འཕོ་འགྱུར་གླེང་ཞེས་པའི་བཅར་འདྲིའི་ཚན་ཆུང་བྱ་རྒོད་ཀྱི་གཤོག་པ་ཐོགས་པ་བཞིན། རྟ་ནོར་ལུག་གསུམ་ཐང་མར་བརྡལ་བའི་སྒྲོལ་ལུང་རྩྭ་ཐང་འཕྲེད་ཀྱིས་བཅད་དེ་གཉན་ཆེན་ཞལ་དཀར་རི་བོའི་འདབས་རོལ་བརྒྱུད་ནས་བོད་མཁར་རྐང་ཚའི་ཡུལ་དུ་ཆས་པ་ཡིན། ང་ཚོ་གསར་འགོད་ཚན་ཆུང་རྐང་ཚ་རྫོང་མཁར་དུ་ཐོན་མ་ཐག་ས་གནས་འདིའི་གཉོར་སྐྱོང་བྱེད་མཁན་མེད་པའི་ལོ་ལོན་མང་པོར་བརྩེ་བའི་ཕྱག་ཟུང་བརྐྱངས་ཏེ་བདག་སྐྱོང་བྱེད་བཞིན་པའི་རྐང་ཚ་རྫོང་རྒན་གསོ་ཁང་དུ་སོང་ནས། བརྩེ་བ་དང་དྲོད་ཁོལ་གྱིས་གཏམས་པའི་ཁྱིམ་གཞིས་དེ་ལས་ཏང་དང་སྲིད་གཞུང་གིས་རྒན་པར་དམིགས་པའི་ཐུགས་བརྩེ་དྲོན་མོ་དེ་ཇི་ལྟར་རྩ་བ་ཚུགས་ནས་རྩེ་མོ་རྒྱས་བཞིན་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན་ལ། རྒན་གསོ་ཁང་དེས་ལྷག་བསམ་རྣམ་དག་གིས་རྒན་གསོ་ཁང་གི་རྒན་པ་རྣམས་ལ་བཀུར་བསྟི་དང་སྲི་ཞུ་བླ་མེད་གནང་བཞིན་པ་དེས་ཀུན་གྱི་ཡིད་སེམས་དབང་མེད་དུ་འཕྲོག་བཞིན་ཡོད།
མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་བྱང་རྒྱུད་དུ་ལྷམ་མེར་ཆགས་ཤིང་ཉ་དང་བྱ་ཡི་ཞིང་ཁམས་སུ་འབོད་པའི་བོད་མཁར་རྐང་ཚ་ནི་སྔོན་བྱུང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ལ་མི་རིགས་མང་པོས་མཐུན་པའི་ལག་རྡང་གཅིག་ཏུ་སྦྲེལ་བའི་མཐོ་སྒང་གི་རྫོང་མཁར་ཆུང་ཆུང་ཞིག་ཡིན། མཐོ་སྒང་གི་ཡུལ་གྲུ་འདིར་ཙག་རླུང་གི་ངར་ཁ་རྒོད་ནའང་ས་གནས་ཀྱི་མིའི་ནང་སེམས་ནི་བྱམས་བརྩེའི་དྲོད་ཁོལ་གྱིས་ཡོངས་སུ་ཁེངས་འདུག མི་ཆོས་རིག་གནས་ཀྱིས་ཕྱུག་པའི་རྫོང་མཁར་འདིར།གཉན་ཆེན་ཞལ་དཀར་དང་མཚོ་ཆེན་ཁྲི་ཤོར་རྒྱལ་མོ། ལྷ་མོ་མཚོ་ཁུགས་སོགས་གནས་རི་གྲགས་ཅན་མང་པོ་ཡོད།
རྒན་གསོ་ཁང་དུ་སོང་བ་ན་ར་སྐོར་གྲལ་དག་ཅིང་སྡོད་ཁང་རེ་རེར་དྲོད་ཀྱིས་ཁེངས་ཡོད་ལ། རྒན་རྒོན་ཚོའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་གྱིས་ཁེངས་ཡོད་པ་དང་། ག་ས་གང་དུ་ཞི་འཇགས་ཀྱི་རྣམ་པས་ཁེངས་འདུག གནས་འདི་ནས་རྒན་རྒོན་དག་གིས་སྤྲོ་སྐྱིད་ཀྱི་ཁྱིམ་གཞིས་རྙེད་ཡོད་པ་དང་། དེའི་ནང་རང་མགོ་མི་ཐོན་པའི་རྒན་རྒོན་རྣམས་ལ་བདག་སྐྱོང་དེ་ལས་ལྷག་པ་ཐོབ་ཡོད། རྒན་རྒོན་དག་གིས་འཚོ་བ་སྔར་ལས་སྐྱིད་པའི་ཆེད་དུ་རྒན་གསོ་ཁང་གིས་ད་རུང་དུས་ཚིགས་ཀྱི་འགྱུར་ལྡོག་དང་ཁོ་ཚོ་རང་རང་གི་དགའ་ཕྱོགས་ལྟར་དུ་ཉིན་རེའི་ཟས་ཐུན་བཞི་སེམས་ཞིབ་མོས་བཀོད་སྒྲིག་བྱས་ཏེ་འཚོ་བཅུད་དོ་མཉམ་ཡོང་བར་བྱེད་པ་དང་། དུས་བཅད་ལྟར་རྒན་རྒོན་ཚོར་ལུས་ཕུང་བརྟག་དཔྱད་བྱས་ནས་ཁོ་ཚོའི་བདེ་ཐང་ལ་འགན་སྲུང་བྱེད་བཞིན་ཡོད། རྒན་གསོ་ཁང་ནས་རྒན་རྒོན་དེ་དག་གི་འཚོ་བར་འགན་སྲུང་ཡོད་པའི་མི་ཚད། རྒན་རྒོན་གཞན་པ་དག་དང་མཉམ་དུ་ཁ་བརྡ་བྱེད་པ་དང་མིག་མངས་རྩེད་པ། ཉི་མར་ལྡེ་བ་སོགས་ཀྱིས་བསམ་པའི་འཚོ་བའང་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད།
གླེང་རིན་ཡོད་པ་ཞིག་ནི་རྐང་ཚ་རྫོང་གི་རྒན་གསོའི་ཞབས་ཞུའི་ཐད་ཀྱི་བྱེད་ཐབས་དེ་རྒན་གསོ་ཁང་འདི་གཅིག་པུ་མ་ཡིན་པར། ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་དང་གོང་རིམ་མགོ་ཁྲིད་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ཏེ་རྐང་ཚ་རྫོང་གིས་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་ལྷག་བཏང་ནས་རྫོང་ཡོངས་ཀྱི་མངའ་ཁོངས་སུ་རྒན་གསོ་ཁང་བཅོ་ལྔ་ལྷག་འཛུགས་བསྐྲུན་བྱས་ཡོད་ལ། རྐང་ཚ་རྫོང་ཐོག་གི་རྒན་གསོ་ཁང་འདི་ནི2006ལོར་གསར་འཛུགས་བྱས་པ་དང། ད་ལྟ་ལས་བྱེད་མི་སྣ་དགུ་ཡོད་པ་མ་ཟད། རྒན་པ22ལྷག་ལ་རྒན་གསོའི་ཞབས་ཞུ་མཁོ་སྤྲོད་གནང་བཞིན་ཡོད་པ་དང་། བྱེད་ཐབས་དེ་དག་ལ་སྤྱི་ཚོགས་སྟེང་རིགས་སོ་སོའི་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། རྒན་གསོ་ཁང་གི་མགོ་གཙོ་བཀྲ་ཤིས་ཚེ་རིང་གིས་བཤད་རྒྱུར།
འདས་པའི་ལོ་གཉིས་ཀྱི་རིང་། རྐང་ཚ་རྫོང་རྒན་གསོ་ཁང་གིས་དེང་རབས་སྒྲིག་ཆས་མང་བོ་ནང་འདྲེན་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་བདག་མེད་རྒན་པ་རྣམས་ལ་ཞབས་ཞུ་གང་ལེགས་སྒྲུབ་བཞིན་ཡོད་ལ། སྨན་བཅོས་སྒྲིག་ཆས་ནང་འདྲེན་དང་ཆེད་ལས་སྨན་པ་གདན་འདྲེན་བྱས་ཏེ་རྒན་གསོ་ཁང་གི་རྒན་པ་རྣམས་ཀྱི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་བཞིན་ཡོད་ལ། ད་དུང་། གོན་པ་དང་ཁ་ངོ་བཀྲུ་བ། འགྲོ་འདུག་སྟབས་མི་བདེ་བའི་རྒན་པ་རྣམས་ཀྱི་རྩ་ཆུ་ལེན་པ་སོགས་བླ་ན་མཐོ་བའི་ཞབས་ཞུ་དང་བཀུར་བསྟི་གནང་བཞིན་ཡོད། རྒན་གསོ་ཁང་གི་ལས་བྱེད་མི་སྣ་ཕག་མོ་སྒྲོལ་མས་བཤད་རྒྱུར།
>
>
>
རྒན་གསོ་ཁང་འདིར་ཚེ་མཇུག་བསྐྱལ་བཞིན་པའི་རྒན་པ་རྣམས་ཀྱང་འཆམ་མཐུན་བག་ཕེབས་ངང་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་འོག་གོང་རིམ་མགོ་ཁྲིད་རྣམས་ཀྱིས་ཁོ་ཚོར་འདི་ལྟ་བའི་འཚོ་གནས་ཀྱི་ཁོར་ཡུག་ཅིག་བསྐྲུན་པར་སེམས་གཏིང་ནས་བཀའ་དྲིན་ཞུ་བཞིན་འདུག་པར་ཟད། རྒན་གསོ་ཁང་གི་ལས་བྱེད་པ་རྣམས་ཀྱི་ལྷག་བསམ་དང་ཀུན་སྤྱོད་ལ་རྗེས་སུ་ཡུ་རངས་བྱེད་བཞིན་ཡོད། རྒན་གསོ་ཁང་གི་རྒན་པོ་གཡང་སྐྱབས་རྒྱལ་གྱིས་ཡིད་འགུལ་ཐེབས་པའི་ངང་བཤད་རྒྱུར།
རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་རྒན་པའི་བདེ་སྐྱིད་དེ་གོ་གནས་གཙོ་བོར་བཞག་སྟེ་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ཡོད་ལ། རྒན་གསོ་ཁང་དང་རྒན་གསོའི་ཞབས་ཞུ་ལས་རྒན་རྒོན་ཚང་མར་ཏང་དང་སྲིད་གཞུང་གི་ཐུགས་བརྩེ་མྱོང་དུ་བཅུག་ཡོད། མ་འོངས་པར་རྐང་ཚ་རྫོང་གིས་མུ་མཐུད་དུ་རྒན་གསོའི་ཐད་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་སྟེ། རྒན་རྒོན་སྔར་ལས་མང་བོར་ཁེ་ཕན་ཐོབ་ཏུ་འཇུག་རྒྱུ་རེད།རྐང་ཚ་རྫོང་རྒན་གསོ་ཁང་དང་དེ་མིན་ཡུལ་ཚོ་དང་གྲོང་རྡལ་སོ་སོའི་རྒན་གསོའི་ཞབས་ཞུའི་ས་ཚིགས་སོགས་ནི་ཏང་དང་སྲིད་གཞུང་གིས་རྒན་པ་བྱམས་བརྩེས་སྐྱོང་བའི་མི་སེམས་འགུལ་བའི་བསྡུས་གཟུགས་ལྟ་བུ་ཡིན་པ་དང་། གནས་འདིར་བརྩེ་བ་དང་དྲོད་ཁོལ་གྱིས་ཁེངས་ཡོད་ཅིང་། རྒན་རྒོན་ཚོ་བདེ་སྐྱིད་ལྡན་པའི་ཚེ་མཇུག་འཚོ་བ་རོལ་དུ་བཅུག་ཡོད་པ་དང་། སྤྱི་ཚོགས་ཡོངས་སུ་རྒན་གསོའི་ཞབས་ཞུའི་མིག་དཔེ་བཟང་བོ་བསྟན་ནས། རྒན་བཀུར་དང་རྒན་གཅེས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་བཟང་བོར་རྐང་ཚའི་ཡུལ་དུ་བཀྲག་མདངས་རྣམ་པར་རྒྱས་སུ་བཅུག་ཡོད།