སློབ་ཆུང་སློབ་མའི་བསླབ་ཕྱིའི་དཔེ་ཀློག་གི་གལ་ཆེན་རང་བཞིན་གླེང་བ།

ཚེ་རིང་སྒྲོལ་མ། དབྱི་ཧྥུ་མི་རིགས་སློབ་ཆུང་།
发布时间:2025年05月15日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

དཔེ་ཀློག་ནི་མིའི་རིགས་ཀྱིས་རང་ཉིད་ཀྱི་མི་ཚེའི་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ་ཕུན་སུམ་ཚོགས་པོར་གཏོང་བའི་ཐབས་ལམ་ཉག་གཅིག་ཡིན། སློབ་ཆུང་སློབ་མ་ནི་མེས་རྒྱལ་གྱི་མེ་ཏོག་དང་། མེས་རྒྱལ་གྱི་མ་འོངས་པའི་བདག་པོར་རྗོད་ཀྱིན་ཡོད། དེ་བས་སློབ་ཆུང་སློབ་མའི་བསླབ་ཕྱིའི་དཔེ་ཀློག་ལ་དོ་སྣང་དང་འགན་འཁུར་རྒྱུ་ནི་དགེ་རྒན་དང་ཁྱིམ་བདག་གི་གཡོལ་ཐབས་མེད་པའི་འོས་འགན་ཞིག་དང་། གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཀྱང་རེད།

དང་པོ། དམིགས་ཡུལ།

ཀོར་ཅིས“དཔེ་ཆ་ནི་མིའི་རིགས་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་ཐེམ་སྐས་རེད”ཅེས་གསུངས་ལ།  རླབས་ཆེན་གྱི་མི་སྣ་མང་པོ་ཞིག་དཔེ་ཆ་ཀློག་པ་ལ་བརྟེན་ནས་བྱུང་བ་དང་། སྔོན་བྱོན་གྱི་སྐྱེས་བུ་དམ་པ་དག་ཀྱང་དཔེ་ཀློག་གི་གོམས་གཤིས་ཁྲོད་འཚར་ལོངས་བྱུང་བ་ཡིན་པས། དཔེ་ཆ་ཀློག་པ་ཡིས་སློབ་ཆུང་སློབ་མའི་བསླབ་ཕྱིའི་འཚོ་བའི་ནང་དོན་ཕུན་སུམ་ཚོགས་པོར་གཏོང་བར་མ་ཟད། རང་ཉིད་ཀྱི་ཕུགས་འདུན་སྲ་བརྟན་དང་ལེགས་འགྲུབ་འབྱུང་བའི་རྨང་གཞི་དང་། སློབ་ཆུང་སློབ་མའི་ཕུགས་འདུན་ལེགས་འགྲུབ་འབྱུང་བའི་སྐས་རྐང་ཐོག་མའང་རེད། 

ཚན་རྩལ་འཕེལ་རྒྱས་ཀྱི་ཚ་རླབས་མཐོ་ནས་མཐོ་རུ་འཕྱུར་བའི་དེང་གི་དུས་འདིར། གློག་རྡུལ་ཐོན་རྫས་རྣམ་པ་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད། ཚན་རིག་གི་ཐོན་རྫས་འདི་དག་གིས་སློབ་ཆུང་སློབ་མའི་བསམ་བློ་དང་ཁོར་ཡུག་སོགས་ཕྱོགས་གང་ཐད་ལ་ཤུགས་རྐྱེན་འདྲ་མིན་སྣ་ཚོགས་ཐེབས་བཞིན་ཡོད་པས། གློག་རྡུལ་ཐོན་རྫས་ཡང་དག་པའི་སྒོ་ནས་བེད་སྤྱོད་དང་སློབ་ཆུང་སློབ་མའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་ཆེད། དགེ་རྒན་དང་ཁྱིམ་བདག་སུ་ཡིན་རུང་སློབ་ཕྲུག་ཚོར་དཔེ་ཀློག་གི་གོམས་གཤིས་བཟང་པོ་ཞིག་ཆགས་སུ་འཇུག་དགོས་ལ། ཉིན་རྒྱུན་གྱི་སྤྱོད་ལམ་དང་གོམས་གཤིས་ལ་དོ་སྣང་བླ་ལྷག་བྱས་ཏེ། གོམས་གཤིས་དང་བྱ་སྤྱོད་ངན་པ་ཐེར་འདོན་དང་ཡོ་བསྲང་། བཅོས་བསྒྱུར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད།

གཉིས་པ།  བསླབ་ཕྱིའི་དཔེ་ཀློག་གི་དགེ་མཚན།

ནམ་རྒྱུན་བྱིས་པ་དཔེ་ཀློག་ལ་འཇུག་པར་བྱེད་རྒྱུ་ནི་ཕ་མ་དང་དགེ་རྒན། སྤྱི་ཚོགས་ཧྲིལ་པོའི་འགན་འཁྲི་ཞིག་ཡིན་ལ། སློབ་གསོའི་དམིགས་འབེན་ཡང་རེད། བྱིས་པས་དཔེ་ཀློག་མི་བྱེད་པར་གློག་རྡུལ་རྩེད་ཆས་དང་འགུལ་རིས་སོགས་ལ་འཇུག་སླ་ཞིང་དེ་ལས་གནད་དོན་མང་པོ་ཞིག་ད་ལྟའི་སྤྱི་ཚོགས་ཀྱི་གྲུ་ག་སོ་སོ་རུ་ཤྭ་འོད་རྡོལ་བ་བཞིན་དུ་འབྱུང་གིན་ཡོད་པས། སློབ་ཆུང་སློབ་མར་སློབ་ཁང་གི་དཔེ་ཁྲིད་ལས་གཞན། བསླབ་ཕྱིའི་དཔེ་ཀློག་ལ་གོམས་སུ་འཇུག་རྒྱུ་ནི་ཧ་ཅང་གལ་ཆེ་ལ་དགེ་མཚན་ཡང་མང་པོ་ཡོད།

དཔེ་ཀློག་ལ་བརྟེན་ནས་རང་ཉིད་ཀྱི་བསམ་བློའི་ནུས་པ་ཆེ་རུ་གྱུར་ན་འཇིག་རྟེན་གྱི་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཡང་དག་པའི་ཕྱོགས་སུ་བསྒྱུར་ཐུབ་ལ། དཔེ་དེབ་རིགས་མི་འདྲ་བ་བཀླག་ཚེ། སློབ་ཆུང་སློབ་མ་རྣམས་ཀྱིས་ཐ་སྙད་འབོར་ཆེན་གསོག་འཇོག་བྱེད་ཐུབ་པས། མིང་ཚིག་གི་གསོག་འཇོག་མང་དུ་གཏོང་བ་དང་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་གཏོང་ཐུབ་པར་མ་ཟད། ཤེས་བྱ་རྒྱ་བསྐྱེད་ཐུབ། བསླབ་ཕྱིའི་དཔེ་ཆ་ལྟ་ཀློག་བྱས་པ་ལས་སློབ་མས་ཡིག་དེབ་སྣ་ཚོགས་ཁྲོད་ནས་གོ་བ་ལེན་པ་དང་། དབྱེ་ཞིབ་བྱེད་པ། ཕྱོགས་བསྡུས་བཅས་ཀྱི་ནུས་པ་སྦྱོང་བརྡར་བྱེད་ཐུབ་པ་དང་། བསླབ་ཕྱིའི་དཔེ་ཀློག་ལས་སློབ་མའི་ཚིག་སྦྱོར་ལེགས་པོར་འགྱུར་བ་དང་དོན་གང་ཡང་ཡིག་ངོས་སུ་གོ་རིམ་ལྡན་པར་འབྲི་ཐུབ་ལ། བརྡ་སྤྲོད་དང་བརྗོད་བྱའི་གནད་ཟིན་པར་བྱང་ཆ་ཐོན་ཏེ། རྩོམ་འབྲིའི་ཆུ་ཚད་མཐོར་འདེགས་གཏོང་ཐུབ་པ་དང་། བསླབ་ཕྱིའི་དཔེ་ཀློག་གིས་བསམ་གཞིག་ཀྱང་རྒྱ་བསྐྱེད་ཐུབ། སློབ་ཕྱིའི་བྱིས་སྒྲུང་མང་པོ་ཞིག་ལ་ཕུན་སུམ་ཚོགས་པའི་བསམ་བློའི་ནང་དོན་ལྡན་པས། སློབ་ཆུང་སློབ་མའི་བསམ་པའི་ནུས་པ་སྐུལ་སྤེལ་ཐུབ་པ་དང་། ཁོ་ཚོ་བསམ་གཞིག་གི་བཀག་རྒྱ་ལས་བརྒལ་ཏེ། དོན་དག་མང་པོར་དཔྱད་པའི་བློ་གཟུ་ལ། གནད་དོན་ལ་བསམ་གཞིག་ཟབ་མོ་བྱེད་ཐུབ་པ། འཆར་སྒོ་མྱུར་བ། དེ་མིན་དཔེ་ཀློག་གིས་སྨྲ་བརྗོད་ཀྱི་ནུས་པ་བསྐྱེད་ཐུབ་སྟེ། སྐད་ཆ་ལ་གོ་རིམ་ལྡན་ཞིང་། སྐད་ཆའི་མཚོན་སྟོབས་ཆེ་རུ་བསྐྱེད་ཐུབ་པ་དང་། སྐད་ཆ་བཤད་པ་དང་རྩོམ་འབྲིའི་ཐ་སྙད་ཀྱིས་འདང་ཞིང་སྐད་ཆའི་ཁྲོད་ཀྱི་ཚིག་སྐྱོན་སྣ་ཚོགས་སེལ་ཐུབ།

གསུམ་པ།  བསླབ་ཕྱིའི་དཔེ་ཀློག་གི་ཐབས་ལམ།

དེ་ཡང་སློབ་ཆུང་སློབ་མར་བསླབ་ཚན་གྱི་ནང་དོན་མང་དྲགས་པ་དང་། སློབ་མའི་རང་འགུལ་གྱི་ནུས་པ་ཞན་པ། སློབ་གྲྭའི་ཁོར་ཡུག་དང་ཆ་རྐྱེན་དམའ་བ། སློབ་མའི་དཔེ་ཀློག་ཐད་ལ་བསམ་བློ་གཏོང་མཁན་ཉུང་བ་སོགས་ཀྱི་རྐྱེན་གྱིས་སློབ་མར་བསླབ་ཚན་དུ་བཀོད་པའི་ཤེས་བྱ་ལས་གཞན་སློབ་ཕྱིའི་དཔེ་དེབ་སོགས་འབྲེལ་ཡོད་དཔེ་དེབ་ལ་བལྟ་བའི་གོ་སྐབས་ཉུང་བ་རེད། དེ་བས། དགེ་རྒན་དང་ཁྱིམ་བདག སྤྱི་ཚོགས་ཧྲིལ་པོའི་ངོས་ནས་བསླབ་ཕྱིའི་དཔེ་ཀློག་གི་ཐབས་ལམ་ཡང་དག་འཚོལ་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། ད་ལྟའི་ཚན་རྩལ་དུས་སྐབས་འདིར་སྲོལ་རྒྱུན་གྱི་དཔེ་ཀློག་ཐབས་ལམ་ལས་གཞན། གློག་རྡུལ་ཐོན་རྫས་ཡང་དག་པའི་སྒོ་ནས་བེད་སྤྱོད་བྱས་ཏེ་སློབ་མ་དཔེ་ཀློག་ལ་གོམས་པར་བྱས་ཆོག

སློབ་ཆུང་གི་དུས་རིམ་ནི་སློབ་མའི་བསམ་བློ་དང་ལྟ་བ་སོགས་ཐོག་མར་ཆགས་པའི་དུས་ཡིན་པས། དཔེ་ཀློག་བྱེད་དུས་ཀྱང་ཡང་དག་པའི་ཐབས་ལམ་བཀོལ་དགོས། སློབ་ཕྲུག་ཚོ་ཐོག་མར་དཔེ་ཀློག་ལ་འཇུག་དུས་སློབ་མའི་དགའ་ཕྱོགས་དང་མོས་པ་གཙིགས་སུ་འཛིན་དགོས་ལ། དེ་ཡང་སློབ་མ་ལ་ལ་བྱིས་སྒྲུང་ལ་དགའ་བ་དང་། ལ་ལ་གནའ་གཏམ་ལ་དགའ་བ། ལ་ལ་ལེགས་བཤད་དང་སྙན་ཚིག་ལ་དགའ་བ་སོགས་སློབ་མའི་ཁམས་དང་མོས་པར་བསྟུན་ནས་དཔེ་ཆ་མཁོ་སྤྲོད་བྱེད་དགོས། 

དེ་མིན། སློབ་ཆུང་སློབ་མའི་ན་ཚོད་དང་ཆུ་ཚད་ལ་རན་པའི་དཔེ་ཆར་བལྟ་རུ་བཅུག་ནས་བལྟ་རྒྱ་མཐོང་རྒྱ་བསྐྱེད་དུ་འཇུག་དགོས་ལ། སློབ་ཆུང་སློབ་མའི་ལེགས་ཉེས་བླང་དོར་གྱི་འདུ་ཤེས་དང་ནུས་པ་ཆུང་བས། དཔེ་ཆ་གདམ་གསེས་བྱེད་སྐབས་ཁོ་ཚོའི་བསམ་བློ་དང་ཀུན་སྤྱོད། བདེ་ཐང་། གོ་རྟོགས་འཕེལ་བ་བཅས་ལ་ཕན་པའི་དཔེ་ཆ་གདམ་དགོས་པར་མ་ཟད། ནམ་རྒྱུན་སློབ་ཁྲིད་སྐབས་སུ་དགེ་རྒན་གྱིས་སློབ་མར་དཔེ་ཀློག་གི་དགེ་མཚན་དང་དེའི་སྤྲོ་སྣང་ཤེས་སུ་བཅུག་ནས། བསླབ་ཕྱིའི་དཔེ་ཀློག་གི་སྤྲོ་སྣང་སྐྱེད་སྲིང་བྱས་པ་དང་། བསླབ་ཕྱིའི་ཁྲོད་དཔེ་ཀློག་བྱེད་པ་ནི་བདེ་སྐྱིད་ཅིག་དང་བདེ་བ་ཅིག་ལས་སྡུག་བསྔལ་ཅིག་དང་ཁུར་པོ་ཅིག་ལ་ངོས་འཛིན་བྱེད་མི་རུང་། དེ་བས་དགེ་རྒན་གྱིས་སློབ་མར་ལྟ་རིན་ཡོད་པའི་དཔེ་དེབ་དང་སྤྱོད་སྒོ་ཆེ་བ། འཚོ་བ་དངོས་དང་འབྲེལ་ཆེ་བ། སློབ་མའི་གནས་བབ་དང་མཐུན་པའི་དཔེ་དེབ་ངོ་སྤྲོད་དང་མངགས་ཉོ་བྱེད་པར་སྐུལ་ལྕག་གཏོང་དགོས།  གཞན་ཡང་། སློབ་ཆུང་སློབ་མ་རྣམས་ཀྱིས་དཔེ་ཀློག་གི་དུས་སྐབས་སུ་བློ་རྩེ་གཅིག་སྒྲིམ་བྱེད་དཀའ་ལ་བཀླགས་ཟིན་པའི་ནང་དོན་བློ་ངོར་འཛིན་དཀའ་བའི་རྐྱེན་གྱིས་དཔེ་ཀློག་གི་ཞོར་དུ་ཟིན་བྲིས་འབྲི་བའི་གོམས་གཤིས་ཆགས་སུ་འཇུག་རྒྱུ་ཡང་གལ་ཆེ་བ་ཞིག་རེད། དཔེ་ཆའི་ཁྲོད་ཀྱི་མིང་ཚིག་གསར་པ་དང་ལེགས་བཤད། གཏམ་དཔེ་སོགས་ཟིན་ཐོར་འགོད་དགོས་པ་དང་། དཔེ་ཆའི་བརྗོད་དོན་གཙོ་བོ་སྤྱི་སྡོམ་བྱས་ནས་རྗེས་ཕྱོགས་ཀྱི་རྩོམ་ཡིག་འབྲི་བ་དང་འཚོ་བའི་ཁྲོད་ཀྱི་ཕྱོགས་མང་པོར་རྨང་གཞི་འདིང་དགོས།

མདོར་ན། དཔེ་ཀློག་ནི་ད་ལྟ་དང་འདས་སོང་། མ་འོངས་པའི་ལོ་ཟླའི་ནང་གི་རིག་གནས་འཚོ་བའི་འབྱུང་ཁུངས་གཙོ་བོ་ཡིན་ཞིང་། སློབ་ཆུང་སློབ་མའམ་བྱིས་པ་ཚོ་ནི་མེས་རྒྱལ་ལམ་མི་རིགས་དེའི་རེ་བ་བཅོལ་སའང་ཡིན་ལ། ན་ཆུང་བྱིས་པ་ཚོར་སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་ཀྱི་གཞོགས་འདེགས་འོག་དུས་དང་རྣམ་པ་ཀུན་ཏུ་ཁོ་ཚོའི་ལྷན་སྐྱེས་ཀྱི་སྐྱེ་སྟོབས་ལ་དོ་སྣང་དང་བརྩི་འཇོག་བྱེད་དགོས་ལ།ཁོ་ཚོའི་དམིགས་བསལ་གྱི་དགའ་ཕྱོགས་ལ་མཐོང་ཆེན་དང་དོ་སྣང་བྱེད་པར་སྐུལ་མ་གཏོང་དགོས།  

 སློབ་ཆུང་ནི་སློབ་སྦྱོང་གི་རྨང་གཞི་འདིང་བའི་དུས་རིམ་གལ་ཆེན་ཞིག་ཡིན་པས། དགེ་རྒན་གྱིས་སློབ་ཆུང་ལོ་རིམ་དང་པོ་ནས་མགོ་བཙུགས་ཏེ། སློབ་མའི་དཔེ་ཀློག་གི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱེད་རྒྱུར་དོ་སྣང་ཆེན་པོ་བྱེད་དགོས།  མདོར་ན། མི་ནི་དཔེ་ཀློག་ལ་བརྟེན་ནས་ནར་སོན་དགོས་ཤིང་། དཔེ་ཀློག་གི་གོ་རིམ་ཁྲོད་དུ་རང་ལ་སྨྲ་མི་ཤེས་པའི་ཚོར་བ་དང་ལྟད་མོ་སྣ་ཚོགས། ལྟ་ཚུལ་སྣ་ཚོགས་ཤིག་ཆགས་ཡོང་ལ། དཔེ་ཀློག་ལ་བརྟེན་ནས་བསགས་པའི་ཤེས་བྱ་དེ་དག་རྩོམ་ཡིག་བྲིས་པ་བརྒྱུད་ནས་རང་ཉིད་ཀྱི་ཤེས་བྱ་སྲ་བརྟན་དུ་གཏོང་བར་ཕན་ཐོགས་ཐུབ་བོ། །