གཡང་དམར་སྡེ་བས་ཤ་མོ་སེར་པོ་བཏབ་ནས་དམངས་ལ་ཁེ་ཕན་བསྐྲུན།
发布时间:2025年05月19日 消息来源:

          རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

图片

ཟླ4པའི་ཚེས19ཉིན། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྩེ་གཞོང་གྲོང་རྡལ་གཡང་དམར་སྡེ་བའི་བཟའ་བྱའི་ཤ་མོ་འདེབས་འཛུགས་རྟེན་གཞིར་སོང་། དྲོད་ཁང་གི་སྒོ་ཕྱེ་བའི་སྐད་ཅིག་མ་དེར་མཐོང་ལམ་ཚང་མ་སེར་ཀྱིག་ཀྱིག་ཏུ་སྣང་། ཤ་མོ་སེར་པོ་དག་གསེར་མདོག་གི་མེ་ཏོག་དང་འདྲ་བར་ཤ་མོའི་ས་བོན་བསྡམས་ལོག་གི་གསེང་ན་རྣམ་པར་བཞད་ཅིང་དྲི་མ་ཞིམ་པོ་ཞིག་གང་སར་ཐུལ་འདུག དེ་ཡིས་མཐོ་སྒང་གི་གྲང་འཁྱགས་རིང་དུ་སྤྱུགས་པ་ལྟ་བུའི་སྣང་བ་ཞིག་ཀྱང་སྦྱིན་ཡོང་།

དྲོད་ཁང་ནང་དུ་ལས་བཟོ་པ་རྣམས་ཤ་མོའི་སྒྲོམ་གཞིའི་མདུན་དུ་ལངས་ཤིང་། ཤ་མོའི་ས་བོན་བསྡམས་ལོག་གི་མཐིལ་ལ་མཛུབ་གུས་ཡང་མོར་མནན་ཏེ་མཛུབ་མོ་ཐེངས་གཅིག་བསྐོར་ཚེ་ཤ་མོ་དག་བརྟན་པོར་ལག་མཐིལ་དུ་ལྷུང་ཞིང་། དེར་མཐུད་ནས་ཤ་མོའི་ས་བོན་བསྡམས་ལོག་བརྗེ་བའི་ལས་ཀ་ཡང་བྲེལ་འཚུབ་ཀྱིས་སྒྲུབ་བཞིན་ཡོད། ཤ་མོའི་ས་བོན་བསྡམས་ལོག་གསར་པ་དག་སྐྱེལ་ཐག་བརྒྱུད་དེ་མཚམས་མ་ཆད་པར་སྒྲོམ་གཞིའི་མདུན་དུ་ཐོན་རྗེས། ལས་བཟོ་པ་རྣམས་ཀྱིས་བསྡམས་ལོག་རྙིང་པ་དག་མར་བླངས་ནས་བསྡམས་ལོག་གསར་པ་བསྒྲིགས།

“ཤ་མོའི་རིགས་འདི་ཀན་སུའུ་ནས་ཉོས་ཡོང་བ་ཡིན། དྲོད་ཁང་གཅིག་གི་ནང་དུ་ཤ་མོའི་ས་བོན་བསྡམས་ལོག་3000ནས4000བསྒྲིགས་ཡོད་ལ།བསྡམས་ལོག་གཅིག་གི་སྟེང་ནས་ཤ་མོ་ཐེངས་གསུམ་བཞིར་བྲེགས་ཆོག་མོད། འོན་ཀྱང་བསྟུད་མར་བྲེགས་རྗེས་བསྡམས་ལོག་ནང་གི་ས་བཅུད་ཟད་ནས་ཤ་མོ་གསར་པ་སྐྱེ་མི་ཐུབ། དེའི་རྐྱེན་གྱིས་ཐེངས་གཅིག་ལ་བྲེགས་རྗེས་ངེས་པར་དུས་ཐོག་ཏུ་ས་བོན་བརྗེས་ནས་ཐེངས་རྗེས་མར་གྲ་སྒྲིག་བྱེད་དགོས”ཟེར།

ལན་ཧྲན་སུང་གིས་མཚམས་སྦྱོར་བྱས་པ་ལྟར་ན། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་འཕེལ་རྒྱས་སུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། གཡང་དམར་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་སྡེ་མི་རྣམས་ལ་ཡང་དང་བསྐྱར་དུ་གྲོས་སྡུར་བྱས་པ་བརྒྱུད། ཤ་མོ་སེར་པོའི་ཐོན་ལས་གཉེར་རྒྱུའི་སེམས་ཐག་བཅད་པ་རེད།

རྩེ་ཁོག་རྫོང་ནི་མཐོ་སྒང་དུ་གནས་ལ་ནམ་ཟླ་འཁྱགས་པས་སྔོ་ཚལ་སྐྱེ་དཀའ། ཉིན་རྒྱུན་གྱི་སྔོ་ཚལ་མང་ཆེ་བ་མཐའ་འཁོར་ས་ཁུལ་ནས་དྲུད་ཡོང་བ་རེད། སྐྱེལ་འདྲེན་གྱི་ལམ་ཐག་རིང་བས་སོས་འཛིན་ལ་ཁག་ཐེག་བྱེད་དཀའ་བར་མ་ཟད་སྐྱེལ་འདྲེན་གྱི་མ་རྩའང་ཤིན་ཏུ་མཐོ།

图片

“ཤ་མོ་སེར་པོའི་ཐོན་ལས་འཕེལ་རྒྱས་སུ་བཏང་ན། གཅིག་ནས་རང་ཡུལ་གྱི་ཤ་མོའི་ཚོང་ཁྲོམ་གྱི་སྟོང་ཆ་སྐོང་ཐུབ་པར་མ་ཟད་དམིགས་བསལ་ཐོན་ལས་ཀྱི་ལམ་ཁ་ཞིག་ཀྱང་བཏོད་དེ། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་འཛད་མེད་ཀྱི་ཡོང་སྒོའང་བསྐྲུན་ཐུབ”ཅེས་ལན་ཧྲན་སུང་གིས་བློ་ཐག་རྦད་ཆོད་ཀྱིས་དེ་ལྟར་བཤད། ན་ནིང་། ཀྲུང་དབྱང་ནོར་སྲིད་ཀྱི་སྦྲེལ་མཐུད་དང་གྲོང་གསེབ་དར་སྤེལ་གྱི་སྐུལ་འདེད་ཁ་གསབ་མ་དངུལ་སྒོར་ཁྲི500དང་། དེའི་ཁར་རྫོང་རིམ་པའི་སྒྲིག་བཀོད་མ་དངུལ་སྒོར་ཁྲི35བཀོལ་ནས་སྡེ་བའི་ནང་དུ་ཤ་མོ་རིག་ནུས་འདེབས་འཛུགས་དྲོད་ཁང14དང་སྐམ་བྱེད་འཕྲུལ་ཆས་གཉིས་ཉོས་པར་མ་ཟད། དྲོད་ཁང་ཕྱིའི་རྒྱང་མིག་སྒྲིག་ཆས་དང་མཛོད་ཁང་། ཆུ་འདོན་རྫིང་བུ་སོགས་ཀྱི་སྒྲིག་བཀོད་ལས་ཏེ། ཤ་མོ་སེར་པོའི་ཐོན་ལས་འཕེལ་རྒྱས་འབྱུང་བར་རྨང་གཞི་བཏིངས།

གཡང་དམར་སྡེ་བས་ཤ་མོའི་དྲོད་ཁང་མཚོ་སྔོན་རྨ་ལྷོ་ཞིང་ལེགས་རིག་འདེམས་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིར་སྤྲད་ནས་ཚོང་གཉེར་བྱེད་དུ་བཅུག་པར་མ་ཟད། དུས་ཡུན་ལོ6གི་འགན་གཙང་ལེན་གྱི་གྲོས་འཆམ་བཞག གྲོས་འཆམ་ལྟར་ན། ཀུང་སིས་ལོ་རེར་སྡེ་བའི་ཐུན་མོང་ལ་སྒོར་ཁྲི40ལས་མི་ཉུང་བའི་ཁེ་སྤོགས་སྤྲོད་དགོས། ན་ནིང་། ཀུང་སིས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་ཁེ་སྤོགས་སྒོར་ཁྲི35སྤྲད་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་རྒྱས་སུ་བཏང་ཞིང་སྡེ་དམངས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཐད་གོམ་པ་བརྟན་པོ་སྤོས།

གཡང་དམར་སྡེ་བ་རུ་ཤ་མོ་སེར་པོའི་འདེབས་འཛུགས་བདེ་བླག་བྱུང་བའི་མན་ངག་ནི“བློ་གྲོས་འདེབས་འཛུགས”ཀྱི་བྱེད་སྟངས་སྤྱད་པ་དེ་རེད། འདེབས་མཁན་པས་ཁ་པར་སྟེང་གིAppབརྒྱུད་ནས་ཐག་རིང་ནས་ཤ་མོ་དྲོད་ཁང14ནང་གི་དྲོད་ཚད་དང་བརླན་ཚད། ཉི་འོད་འཕྲོ་ཚད། དབྱང་གཉིས་ཐཱན་འགྱུར་གྱི་ཚད་བཅས་ཀྱི་གཞི་གྲངས་ཚོད་འཛིན་བྱེད་ཐུབ་པས། དུས་ཐོག་ཏུ་ཤ་མོ་སྐྱེ་ཚུལ་ལ་ལྟ་རྟོག་བྱེད་ཐུབ། དྲོད་ཁང་གི་རིག་ནུས་ཆུ་གཏོར་མ་ལག་གིས་གནད་ཁེལ་སྒོས་ཆུ་འདོན་པ་དང་འོད་འཕྲོ་མ་ལག་གིས་ཤ་མོ་སེར་པོའི་སྐྱེ་མཚམས་རེ་རེ་གཞིར་བཟུང་ནས་ཚན་རིག་དང་མཐུན་པའི་འོད་འཕྲོ་དུས་ཡུན་དང་འཕྲོ་ཚད་ཚོད་འཛིན་བྱེད་ཐུབ།

“ཤ་མོ་སེར་པོའི་ངོ་བོ་སྙི་ལ་བྲོ་བ་ཞིམ་པས་ཚོང་རའི་འགྲན་རྩོད་ནུས་པ་ཤིན་ཏུ་ཆེ། མིག་སྔར། གསར་དུ་བྲེག་པའི་ཤ་མོ་སེར་པོ་སྤྱི་རྒྱ་གང་ལ་སྒོར14ནས18དུ་འཚོང་ཐུབ་ལ། ཤ་མོ་སྐམ་པོ་སྤྱི་རྒྱ་རེར་སྒོར80བར་འཚོང་ཐུབ།”ལན་ཧྲན་སུང་གིས་མཚམས་སྦྱོར་བྱས་དོན། ཟུར་སྣོན་རིན་ཐང་མཐོ་བའི་ཁྱད་ཆོས་ལ་བརྟེན་ནས་སྡེ་བས་ཧེ་བག་ཅན་གྱི་འཚོང་སྟངས་གསར་སྐྲུན་བྱས་པ་སྟེ། གསར་བྲེག་ཤ་མོ་སེར་པོ་རང་ཡུལ་གྱི་ཚོང་རར་རྐང་འཛུགས་པ་དང་། “ཐོན་ཡུལ་དུ་ཐད་འཚོང་བྱེད་པའི”རྣམ་པར་བརྟེན་ནས་སློབ་གྲྭའི་ཟ་ཁང་དང་ཞིང་ལས་ཐོན་རྫས་ཉོ་འཚོང་ཚོང་ར། ཟ་ཁང་སོགས་སུ་གནད་ཁེལ་སྒོས་འཚོང་བ་དང་། ཤ་མོ་སྐམ་པོ་གཞན་ཡུལ་དུ་འཚོང་བའི་ཚོང་ར་ནུས་ཤུགས་ཡོད་རྒུས་རྒྱ་བསྐྱེད་པ་སྟེ། ཕྱོགས་གཅིག་ནས་གཞན་ཡུལ་གྱི་སྐམ་ཟས་ཚོང་རར་འཚོང་བ་དང་། ཕྱོགས་གཅིག་ནས་ལས་སྣོན་ཞིབ་མོ་བྱས་པ་བརྒྱུད་བྲོ་བ་དམིགས་བསལ་གྱི་བྲོ་རྫས་དང་ཁ་ལ་ཞིམ་པའི་ཤ་མོའི་སྐྱོ་འདག་སོགས་ཀྱི་ཐོན་རྫས་ལས་ཏེ། ཐོན་རྫས་ཀྱི་དཔལ་འབྱོར་རིན་ཐང་སྔར་བས་སྔོག་འདོན་དང་མཐོར་འདེགས་བཏང་།

ད་ལྟ། ཤ་མོ་སེར་པོའི་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་སྟེ། གཡང་དམར་སྡེ་བར་དཔལ་འབྱོར་ཡོང་སྒོ་ཡིད་ཚིམ་པ་ཞིག་བསྐྲུན་པས་སྡེ་མི་རྣམས་ཀྱི་འཚོ་བའང་རང་བཞིན་གྱིས་བསྒྱུར་ཡོད། འདེབས་འཛུགས་རྟེན་གཞི་རུ་ལས་ཀ་ལས་བཞིན་པའི་ཀླུ་མོའི་གདོང་ལ་སྐྱིད་པའི་འཛུམ་མདངས་གྲོལ་ཡོད། “སྔོན་ཆད་ཁྱིམ་གྱི་ནོར་ལུག་འཚོས་ནས་བསྡད་ན་འཚོ་བར་ནམ་ཡང་རེ་ལྟོས་མེད་པར་འདོད། ད་ལྟ་རྟེན་གཞི་རུ་ལས་ཀ་ལས་ན་ཟླ་རེར་སྒོར4000ལྷག་འཚོལ་ཐུབ་པར་མ་ཟད་ད་རུང་ལག་རྩལ་པའི་གམ་ནས་ཤ་མོའི་ས་བོན་བསྡམས་ལོག་སྒྲིག་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འབྲེག་པ། ཉི་མར་ལྡེ་ནས་སྐམ་པ་སོགས་ཀྱི་ཆེད་ལས་ལག་རྩལ་ཡང་སློབ་ཐུབ། ལག་རྩལ་ཞིག་ཤེས་ན་སེམས་བརྟན་མོ་ཡོང་ཐུབ”ཅེས་བཤད།

ས་ཁར་བུད་པའི་གསེར་མདོག་གི་ཤ་མོ་ནས་སྡེ་མིར་འབྱོར་བའི་ལག་རྩལ་དང་ཡོང་སྒོའི་བར་དང་། དེ་ནས་ཉིན་རེར་རྒྱ་ཆེར་འགྲོ་བཞིན་པའི་སྡེ་བའི་ཐུན་མོང་དཔལ་འབྱོར་བར་གཡང་དམར་སྡེ་བའི་ཤ་མོ་སེར་པོའི་ཐོན་ལས་ནི་ཚན་རྩལ་གྱིས་མཐོ་སྒང་གི་ཞིང་ལས་ལ་ནུས་པ་བསྩལ་བའི་ལག་ལེན་གསོན་པོ་ཞིག་རེད་ལ། གྲོང་གསེབ་དར་སྤེལ་གྱི་མ་དཔེ་གསོན་པོ་ཞིག་ཀྱང་རེད། རྩེ་ཁོག་ཏུ་རིག་ནུས་དྲོད་ཁང་ལས་བྱུང་བ་ནི་གསེར་མདོག་གི་ཤ་མོ་སེར་པོ་ཁོ་ན་མ་ཡིན་པར། སྐྱིད་པའི་འཚོ་བར་བཅངས་པའི་རོང་འབྲོག་པའི་རེ་སྨོན་ཡང་རེད། ཐོན་ལས་རྨང་གཞི་དང་ཚན་རྩལ་གཤོག་པ་རུ་བརྩིས་ཏེ་མཐོ་སྒང་དུ་བཅངས་པའི་རེ་བའི་འོད་ཟེར་དེ་གྲོང་གསེབ་དར་སྤེལ་གྱི་ཧུར་བརྩོན་བགྲོད་ལམ་སྟེང་དུ་འཕྲོས་ཡོད། །