བུ་སྐལ་ལེན་པར་ཆ་རྐྱེན་གང་དག་ལྡན་དགོས།
发布时间:2025年05月22日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུངགི་དོན་ཚན1098པའི་ནང་དུ་གཏན་འབེབས་བྱས་དོན། བུ་སྐལ་ལེན་མཁན་ལ་གཤམ་གསལ་གྱི་ཆ་རྐྱེན་འདི་དག་འཛོམས་དགོས་ཏེ། (གཅིག)བུ་ཕྲུག་མེད་པའམ་བུ་ཕྲུག་གཅིག་ལས་མེད་པ། (གཉིས)བུ་སྐལ་ལེན་མཁན་ལ་སྙོར་སྐྱོང་དང་སློབ་གསོ། སྲུང་སྐྱོབ་བཅས་ཀྱི་ནུས་པ་ལྡན་པ། (གསུམ)བུ་སྐལ་ལེན་མི་འོས་པའི་གསོ་རིག་ཐད་ཀྱི་ནད་མེད་པ། (བཞི)བུ་སྐལ་ལེན་མཁན་ལ་བུ་ཕྲུག་བདེ་ཐང་ངང་འཚར་ལོངས་འབྱུང་བར་གནོད་པའི་ཁྲིམས་འགལ་ཉེས་བསགས་ཀྱི་ཟིན་ཐོ་མེད་པ། (ལྔ)རང་ལོ་སུམ་ཅུར་སོན་ཡོད་པ།

བུ་སྐལ་ལེན་ན་ལེན་མཁན་གྱིས་ལོ་ན་མ་སོན་པའི་བུ་ཕྲུག་སྙོར་སྐྱོང་དང་འཚར་ལོངས་འབྱུང་བར་ཕན་ཐོགས་དགོས། དེའི་ཕྱིར་ལེན་མཁན་ལ་དཔལ་འབྱོར་དང་བདེ་ཐང་གི་ཆ་རྐྱེན་ངེས་ཅན་ཞིག་ལྡན་དགོས་ལ། བུ་སྐལ་ལ་གསོ་སྐྱོང་དང་སྲུང་སྐྱོབ། སློབ་གསོ་གཏོང་བ་བཅས་ཀྱི་ནུས་པ་ལྡན་དགོས། བྱེ་བྲག་ཏུ་བཤད་ན། བུ་སྐུལ་ལེན་མཁན་ལ་ཆ་རྐྱེན་དྲུག་དུས་མཉམ་དུ་ཚང་དགོས་ཏེ། གཅིག་ནི་བུ་ཕྲུག་མེད་པའམ་བུ་ཕྲུག་གཅིག་ལས་མེད་པ། གཉིས་ནི་བུ་སྐལ་ལེན་མཁན་ལ་སྙོར་སྐྱོང་དང་སློབ་གསོ། སྲུང་སྐྱོབ་བཅས་ཀྱི་ནུས་པ་ལྡན་དགོས་ཤིང་། གཙོ་བོ་དཔལ་འབྱོར་དང་བདེ་ཐང་སོགས་ཀྱི་ཆ་རྐྱེན་ལྟ་བུ། གསུམ་ནི་བུ་སྐལ་ལེན་མི་འོས་པའི་གསོ་རིག་ཐད་ཀྱི་ནད་བྱུང་མེད་པ། དེ་ནི་བུ་སྐལ་གྱི་སེམས་ཁམས་ལ་གནོད་པའི་ནད་རིགས་སམ་ཡང་ན་གཞན་པའི་ནད་གཞི་ཚབས་ཆེན་མེད་པ་ལ་གོ བཞི་ནི་བུ་སྐལ་བདེ་ཐང་ངང་འཚར་ལོངས་འབྱུར་བར་གནོད་པའི་ཁྲིམས་འགལ་ཉེས་བསགས་ཀྱི་གནས་ཚུལ་གང་ཡང་མེད་པར། བུ་ཕྲུག་བདེ་ཐང་ངང་འཚར་ལོངས་འབྱུང་བར་འགན་ལེན་བྱེད་ཐུབ་པ། ལྔ་ནི་ལེན་མཁན་དེ་རང་ལོ་སུམ་ཅུར་སོན་དགོས་ཤིང་། བཟའ་ཟླ་མེད་པའི་སྐྱེས་པས་བུ་མོ་སྐལ་དུ་ལེན་པ་དང་སྐྱེས་མས་བུ་ཆུང་སྐལ་དུ་ལེན་པ་ཡིན་ན། བུ་སྐལ་དང་རང་གི་ལོ་ཚོད་ཀྱི་བར་ལ་ལོ་བཞི་བཅུས་ཆོད་དགོས། དྲུག་ནི་བཟའ་ཟླ་ཡོད་མཁན་གྱིས་བུ་སྐལ་ལེན་ན་བཟའ་ཟླ་ཐུན་མོང་གིས་ལེན་དགོས་པ་བཅས་སོ། །