སྙིང་འཕར་རླབས་རིས་ཀྱི་བརྟག་ཐབས་དང་ངོས་འཛིན་སྐོར་ཅུང་ཟད་གླེང་བ།
发布时间:2025年05月26日 消息来源:

     

ནད་ཐོག་ལག་ལེན་ཁྲོད་ཀྱི་སྙིང་འཕར་རླབས་རིས་ཀྱི་བརྟག་ཐབས་དང་ངོས་འཛིན་སྐོར་ཅུང་ཟད་གླེང་བ།
སྙིང་དེ། མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་།


རྩོམ་སྒྲིག ཚེ་གཟུངས་སྐྱིད།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


སྙིང་འཕར་རླབས་རིས་ཀྱི་བརྟག་དཔྱད་ནི་ནུབ་ལུགས་གསོ་རིག་གི་གསར་གཏོད་ཅིག་ཡིན་པ་དང་། དེ་ནི་ལོ་ངོ་བརྒྱ་ལྷག་གི་རིང་ལ་རིམ་བཞིན་འཕེལ་རྒྱས་བྱུང་བ་བརྒྱུད་དེ། ད་ལྟ་འཛམ་གླིང་ཐོག་གི་སྨན་ཁང་ཆེ་མ་ཆུང་གསུམ་དུ་བེད་སྤྱོད་དང་ལག་ལེན་བྱེད་བཞིན་ཡོད། ལྷག་པར་སྲོལ་རྒྱུན་གསོ་རིག་དང་དེང་རབས་གསོ་རིག་མཉམ་སྤྱོད་མཉམ་གནས་བྱེད་ཀྱིན་པའི་དེང་གི་དུས་འདིར་སྙིང་འཕར་རླབས་རིས་ཀྱི་བརྟག་དཔྱད་སོགས་དེང་རབས་འཕྲུལ་ཆས་བེད་སྤྱད་དེ་ནད་གཞི་བརྟག་དཔྱད་བྱེད་པའི་ཐབས་དེས། སྲོལ་རྒྱུན་གསོ་བ་རིག་པའི་ནད་ཐོག་ལག་ལེན་དེང་རབས་ཅན་དུ་ཁ་ཕྱོགས་པར་ནུས་པ་སྔར་བས་ཆེན་པོ་འདོན་གྱིན་ཡོད། དེའི་ཕྱིར། འདིར་དེང་རབས་གསོ་རིག་གི་ནད་ཐོག་ལག་ལེན་ཁྲོད་ཆེས་རྨང་གཞིར་གྱུར་པའི་སྙིང་འཕར་རླབས་རིས་བརྟག་དཔྱད་སྐོར་གྱི་རྒྱུན་ལྡན་གྱི་ཤེས་བྱ་ཅུང་ཟད་མཚམས་སྦྱོར་བར་བྱ་སྟེ།

དང་པོ། སྙིང་གི་ཆགས་སྟངས་དང་བྱེད་ནུས་བཤད་པ།

སྙིང་འཕར་རླབས་རིས་ཀྱི་ངོས་འཛིན་ཤེས་དགོས་ན་སྔོན་ལ་ངེས་པར་མིའི་ལུས་སྟེང་གི་དོན་ལྔ་སྣོད་དྲུག་གི་ནང་གསེས་ཡིན་པའི་སྙིང་གི་ཆགས་སྟངས་གསལ་པོར་ཤེས་དགོས་ཏེ། མི་མང་ཆེ་བར་མཚོན་ན་སྙིང་ནི་བྲང་ཁོག་གི་གཡོན་ཕྱོགས་ན་ཡོད་པ་དང་། ཡང་མཐའ་གཅིག་ཏུ་ངེས་པ་མེད། དཔེར་བཞག་ན། མི་ཉུང་ཤས་ཤིག་གི་སྙིང་ནི་བྲང་ཁོག་གི་གཡས་ཕྱོགས་ན་ཡོད་པ་རེད། འོ་ན་སྙིང་གི་ཆགས་སྟངས་དང་རྣམ་པ་ཚུགས་ཀ་ལ་སོགས་པ་ཅི་འདྲ་ཞིག་རེད་ཟེར་ན། སྙིང་གི་ཕྱིའི་རྣམ་པའི་ཆ་ནས་སིལ་ཏོག་ཁམ་བུའི(桃子)དབྱིབས་དང་མཚུངས་ཤིང་། ཆེ་ཆུང་ནི་རང་གི་ཁུ་ཚུར་དང་འདྲ་ལ། ལངས་ནས་སྡོད་པའི་སྐབས་སུ་སྙིང་གི་མགོ་རྟིང་བསློགས་ནས་རྩེ་མཐུར་དུ་མནར་ཏེ་ཡོད། ཆགས་དབྱིབས་ཀྱི་ཆ་ནས་བཤད་ན་སྙིང་ནི་གས་མ་བཞི་རུ་བགོས་ན། གོང་ན་ཁང་བུ་གཉིས་དང་འོག་ན་ཁང་བུ་གཉིས་ཡོད། གོང་གི་ཁང་བུ་དེ་གཉིས་ལ་རྒྱ་སྐད་ཀྱིས་ཙུའོ་ཞིན་ཧྥང(左心房)དང་ཡིའུ་ཞིན་ཧྥང(右心房)ཞེས་གཡས་གཡོན་གཉིས་སུ་བཀར་ཡོད་པ་དང་། འོག་གི་ཁང་བུ་དེ་གཉིས་ཀྱང་ཙུའོ་ཞིན་ཧྲི(左心室)དང་ཡིའུ་ཞིན་ཧྲི(右心室)ཞེས་གཡས་གཡོན་གཉིས་སུ་བཀར་ཡོད་པ་རེད།  དེ་ལ་ཧྥང་དང་ཧྲི་ཟེར་དགོས་པའི་རྒྱུ་མཚན་ནི་གོང་གི་ཁང་བུ་དེ་གཉིས་ཅུང་ཆེ་ལ། འོག་གི་ཁང་བུ་དེ་གཉིས་ནི་གོང་གི་ཁང་བུ་དེ་གཉིས་ཀྱི་སྦུག་ཁང་ལྟ་བུ་ཡིན་པས་ཁང་པ་དང་བུ་ཁང་གི་དོད་དུ་དབྱེ་ཡོད་ལ། གོང་གི་ཁང་བུ་དང་འོག་གི་ཁང་བུ་གཉིས་བར་ཤ་སྐྱི་སྲབ་མོས་བཅད་ཡོད། གོང་གི་ཁང་བུ་ནི་ཁྲག་གསོག་སའི་སྣོད་ལྟ་བུ་དང་འོག་གི་ཁང་བུ་ནི་སྣོད་ཀྱི་ནང་གི་ཁྲག་དེ་ཕྱིར་ལུས་ཀུན་ལ་ཁྱབ་པར་བྱེད་པའི་གཏོང་ལེན་འཕྲུལ་ཆས་དང་འདྲ། གཡས་གཡོན་གཉིས་ཀྱང་གཅིག་ལ་གཅིག་མ་འདྲེས་པ་ཡིན། སྙིང་གི་གོང་དུ་འཕར་རྩ(主动脉)ཡོད། ཁྲག་ནི་འཕར་རྩ་བརྒྱུད་ནས་སྙིང་གི་ཁང་བུའི་ནང་འབབ་པ་དང་། དེ་ནས་སྙིང་ཤ་ཕྱི་ལ་རྒྱ་བསྐྱེད་པ་དང་ཕྱིར་བསྐུམས་པ། ཡང་བསྐྱར་རྒྱ་བསྐྱེད་པ་དང་ཕྱིར་བསྐུམས་པ་སོགས་བྱས་ཏེ་ལུས་ཕུང་གི་ཁྲག་དང་དྲོད་ཁོལ་དེ་ཚུར་སྡུད་པ་དང་ཕྱིར་ལུས་ཡོངས་སུ་ཁྱབ་པར་བྱེད་ཀྱིན་ཡོད་པ་རེད། བོད་ཀྱི་གསོ་བ་རིག་པའི་གཞུང་དུ། “ལུས་ཀྱི་དྭངས་མའི་རྟེན་བྱེད་པའི་སྙིང་དང་། གློ་བ་དང་། མཆིན་པ་དང་། མཚེར་བ་དང་། མཁལ་མ་དང་བཅས”ཞེས་སྙིང་ནི་དོན་ལྔའི་དང་པོར་བཞག་ཡོད། དེས་ནུས་པ་ཅི་ཞིག་འདོན་གྱིན་ཡོད་དམ་ཟེར་ན། “སྙིང་གིས་སེམས་ཀྱི་དྲན་པ་གསལ་བར་བྱེད་པ་དང་། རླུང་ཁྱབ་བྱེད་ཀྱི་སྟོབས་ལ་བརྟེན་ནས་དྭངས་མའི་རྒྱུན་རྣམས་ལུས་ཀུན་ལ་ཁྱབ་པར་གཏོང་ཞིང་ལྕེས་རོ་གསལ་བའི་དོན་བྱེད་པ་ཡིན”ཞེས་གསུངས་ཡོད་པ་རེད།  དེའི་རྐྱེན་གྱིས་སྙིང་ནི་མིའི་ལུས་སྟེང་གི་དོན་ལྔ་སྣོད་དྲུག་ལས་ཆེས་གལ་ཆེན་པོ་སྟེ་ཚེ་དང་གདོས་པའི་སྲོག་གི་སྙིང་པོ་དེ་ཡིན།

གཉིས་པ། སྙིང་འཕར་རླབས་རིས་བརྟག་དཔྱད་ཀྱི་གལ་ཆེན་རང་བཞིན།

གོང་དུ་བརྗོད་པ་བཞིན། སྙིང་ནི་མིའི་ལུས་སྟེང་གི་ཆེས་འགག་རྩར་གྱུར་པའི་གྲུབ་ཆ་ཞིག་ཡིན་པས། སྙིང་འཕར་རླབས་རིས་ཀྱི་བརྟག་དཔྱད་དེ་ཤིན་ཏུ་གལ་ཆེ་བ་རེད། དཔེར་ན། ནད་པ་ལ་ལ་ཞིག་གིས“ངའི་མགོ་ན་བས། སྙིང་ལ་བརྟག་དཔྱད་མ་བྱས་ན་ཨེ་ཆོག”ཟེར། དེར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཡོད་པས་ནད་པ་ལ་ལ་ཞིག་ལ་སྙིང་མི་བདེ་བའི་སྐབས་སུ་མགོ་ན་བ་དང་། སྐྱུགས་མེར་ལངས་པ།ཕོ་བ་མི་བདེ་བ་སོགས་ཀྱི་ནད་རྟགས་འབྱུང་། དེ་བཞིན་དུ་ཁྲག་གི་རྒྱུ་བ་འགག་པའམ་ཡང་ན་ཁྲག་ནང་གི་རྫས་མང་ཉུང་ཤོར་བས་དོ་མི་མཉམ་པ་འབྱུང་བའང་ཡོད། དེའི་རྐྱེན་གྱིས་སྙིང་ལ་གནོད་པ་ཐེབས། སྙིང་རྩའི་འཕར་ཚུལ་ལ་འགྱུར་བ་བྱུང་སྟེ་སྙིང་ཁམས་འཁྲུག་ཅིང་བློ་མི་བདེ་བ་འབྱུང་། དེ་ཐམས་ཅད་སྙིང་འཕར་རླབས་རིས་ཀྱི་སྟེང་ནས་བལྟས་ན་གསལ་པོ་མཐོང་ཐུབ་པ་རེད། བོད་ཀྱི་གསོ་བ་རིག་པའི་ལག་ལེན་གྱི་ཁྲོད་དུའང་ལུས་ཀྱི་རྩ་ལ་བརྟག་སྟེ་འབྱུང་ཁམས་འཕྲོད་སྦྱོར་དང་བསྟུན་ནས་སྨན་བསྟེན་དགོས་པའི་རྒྱུ་མཚན་དེ་ལ་ཐུག་ཡོད། གལ་ཏེ་ནད་པ་རང་གི་སྣང་ཚུལ་དྲན་ཚུལ་ཙམ་ལ་བལྟས་ནས་དེ་ལ་བརྟག་དཔྱད་མི་བྱེད་པར་རང་གི་བསམ་འདོད་ལྟར་མགོ་སྨན་དང་དྲོས་འཁྱག་གི་སྨན་ལ་སོགས་པ་གང་འདོད་དུ་བསྟེན་ན། དེ་ནི་བཟང་དུ་མི་འགྱུར་བར་ངན་དུ་འགྱུར་སྲིད་ཅིང་། ནད་གཞི་ཇེ་སྡུག་ཏུ་འགྲོ་བའི་ཉེན་ཁ་ཡོད། དེ་བས་སྙིང་ལ་བརྟག་དཔྱད་བཟང་པོ་ཞིག་བྱས་ན། ད་གཟོད་སྨན་པས་ནད་ཅི་ལྟར་གསོ་བཅོས་བྱ་དགོས་པ་དང་། སྨན་ཅི་ལྟར་སྟེར་དགོས་པ། གསོ་བཅོས་བྱས་རྗེས་ནད་གཞི་ཇེ་ལེགས་སུ་ཡོང་ཡོད་མེད་སོགས་ལ་བརྟག་པར་རོགས་རམ་གྱི་ནུས་པ་ཆེན་པོ་ཐོན་གྱིན་ཡོད་པས། ནད་ལ་བལྟས་ནས་སྨན་ཞེས་པ་བཞིན་སྨན་གྱི་ནུས་པའང་འཐོན་པར་འགྱུར་རོ། །

གསུམ་པ། སྙིང་འཕར་རླབས་རིས་ཀྱི་བརྟག་དཔྱད་བྱེད་སྟངས།

སྙིང་འཕར་རླབས་རིས་ཀྱི་བརྟག་དཔྱད་བྱེད་སྟངས་ལ་རྒྱུན་ལྡན་གྱི་བརྟག་དཔྱད་དང་ཆུ་ཚོད24རིང་གི་སྙིང་གི་འགྱུར་ལྡོག་ལ་བརྟག་པ་གཉིས་ཡོད་པ་རེད། ད་སྐབས་སྨན་ཁང་ཆེ་འབྲིང་གི་ནང་དུ་དུས་རྒྱུན་བརྟག་ཐབས་དེ་གཉིས་ཀ་བེད་སྤྱོད་གཏོང་གིན་ཡོད་པ་རེད། སྤྱིར་བཏང་ནད་པ་མང་ཆེ་བ་ཞིག་ལ་རྒྱུན་ལྡན་གྱི་བརྟག་དཔྱད་བྱས་པས་ཆོག ཡིན་ནའང་ནད་པ་ལྕི་མོ་དང་ལྷག་པར་སྙིང་ཁམས་ཁྲག་རྩའི་ནད་པ་དང་གཤག་བཅོས་བྱ་དགོས་པའི་ནད་པ། ཡང་ན་རྒྱུན་ལྡན་གྱི་སྙིང་འཕར་རླབས་རིས་ཀྱི་བརྟག་དཔྱད་ཀྱིས་བརྟག་མི་ཐུབ་པའི་རིགས་ལ་ཆུ་ཚོད24རིང་གི་སྙིང་གི་འགྱུར་ལྡོག་ལ་བརྟག་དཔྱད་བྱེད་དགོས།   རྒྱུན་ལྡན་གྱི་བརྟག་དཔྱད་ཀྱིས་བརྟག་མི་ཐུབ་པ་ཞེས་པ་དེ་ནི་བརྟག་དཔྱད་བྱེད་པའི་རི་མོའི་སྟེང་ནས་སྙིང་གི་འཕར་ཚུལ་རྒྱུན་ལྡན་ཡིན་མིན་མི་ཤེས་པ་དང་། བརྟག་དཔྱད་བྱེད་པའི་གནས་སྐབས་དེར་སྙིང་གི་འཕར་ཚུལ་རྒྱུན་ལྡན་ཡིན་པའམ་སྐྱོན་ཆེན་པོ་མེད་པ་ལ་གོ  དེ་ཅི་ཡིན་ཞེ་ན། རྒྱུན་ལྡན་གྱི་བརྟག་དཔྱད་བྱེད་སྟངས་དེས་སྙིང་ཁམས་མི་བདེ་བའི་གནས་སྐབས་དེ་ཙམ་ལ་མ་གཏོགས་བརྟག་མི་ཐུབ།  གལ་ཏེ་ནད་པ་མཚམས་རེར་སྙིང་མི་བདེ་བ་དང་མཚམས་རེར་བདེ་བ། ཡང་ན་དགོང་མོ་གཉིད་མི་ཡོང་བ་ལྟ་བུ་ཡིན་ཚེ། དུས་ཚོད24རིང་གི་འགྱུར་ལྡོག་ལ་བརྟག་དཔྱད་བྱས་ན་བཟང་། དེས་ཉིན་ཞག་གཅིག་གི་དུས་ཡུན་གྱི་ནད་པའི་སྙིང་གི་འགྱུར་ལྡོག་ལ་བརྟག་ཐུབ། དེའི་རྐྱེན་གྱིས་གང་ལ་གང་འཚམ་གྱིས་བརྟག་དཔྱད་བྱེད་རྒྱུ་ནི་གལ་ཆེའོ། །

བཞི་པ། སྙིང་འཕར་རླབས་རིས་ཀྱི་ངོས་འཛིན།

གོང་དུ་བརྗོད་པ་བཞིན། སྙིང་འཕར་རླབས་རིས་ནི་གཙོ་བོ་ཕྱི་ལུགས་གསོ་རིག་གི་ནད་གཞི་གསོ་བཅོས་ཁྲོད་ཀྱི་བརྟག་དཔྱད་བྱེད་སྟངས་ཤིག་རེད། ཕྱི་ལུགས་གསོ་རིག་ཟེར་བ་ནི་ཕྱི་རྒྱལ་ནས་དར་ཡོང་བ་ཡིན་ལ། དེ་ནི་ཐོག་མར་ནུབ་ཕྱོགས་ཡོ་རོབ་གླིང་ས་ཁུལ་ནས་དར་ཡོང་བ་ཡིན་པས་ནུབ་ལུགས་གསོ་རིག་ཀྱང་ཟེར། ཡང་ན་དེང་རབས་སྨན་བཅོས་ལག་རྩལ་དང་སྔོན་ཐོན་འཕྲུལ་ཆས་བེད་སྤྱད་དེ་སྨན་བཅོས་བྱེད་བཞིན་ཡོད་པས་དེང་རབས་གསོ་རིག་ཅེས་ཀྱང་བརྗོད། དེ་དང་ཀྲུང་ལུགས་གསོ་རིག་གཉིས་མི་འདྲ། ཀྲུང་ལུགས་གསོ་རིག་ཟེར་བ་ནི་ཀྲུང་གོའི་སྲོལ་རྒྱུན་གྱི་གསོ་བ་རིག་པ་ལ་གོ་ཞིང་ཁ་སྐད་དུ་ཀྲུང་སྨན་ཟེར་བ་དེ་རེད། བོད་ལུགས་གསོ་རིག་ནི་ཀྲུང་ལུགས་གསོ་རིག་གི་ཁོངས་གཏོགས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་གི་ཡ་གྱལ་དུ་བཞག་ཡོད་པ་དང་། ང་ཚོ་རོང་འབྲོག་མང་ཚོགས་ཤིན་ཏུ་ཆ་རྒྱུས་ཡོད་པའི་བོད་སྨན་ཟེར་བ་དེ་རེད། འོ་ན་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་ལ་ཆ་བཞག་ནས་བཤད་ན། སྙིང་འཕར་རླབས་རིས་ཀྱི་བརྟག་ཐབས་དེ་ནི་གཙོ་བོ་ལྟ་རེག་དྲི་གསུམ་གྱི་རྩ་བརྟག་གི་སྐོར་དང་འདྲ་བ་རེད། མི་འདྲ་ས་ནི། སྙིང་འཕར་རླབས་རིས་ནི་བརྟག་དཔྱད་འཕྲུལ་ཆས་ལ་བརྟེན་ནས་སྙིང་གི་འཕར་ཚུལ་དེ་རི་མོ་ཡི་ལམ་ནས་གཟུགས་རིས་སུ་བཀོད་པས་ང་ཚོས་མིག་གིས་མཐོང་ཐུབ། ནད་གཞི་མི་འདྲ་བ་ལ་སྙིང་འཕར་རླབས་རིས་ཀྱི་མཚོན་རྟགས་རི་མོ་ཡང་མི་འདྲ་བ་ཐོན་གྱིན་ཡོད་པ་དང་། དེ་རེ་རེར་དབྱེ་ཞིབ་བྱེད་སྟངས་དང་མཇུག་འབྲས་ཀྱང་མི་འདྲ་བ་རེ་ཡོད་པས་དེ་རྣམས་ནད་ཐོག་ལག་ལེན་གྱི་བརྟག་དཔྱད་དངོས་ཀྱི་སྐབས་སུ་ཤེས་པར་བྱའོ། །

འདིར་དུས་རྒྱུན་མཐོང་བའི་གནས་ཚུལ་ལ་ཆ་བཞག་ནས་བཤད་ན། ཁྲག་ཤེད་མཐོ་བའི་ནད་པ་ཞིག་ཡིན་ཚེ། སྙིང་འཕར་རླབས་རིས་ཀྱི་སྟེང་ནས་ཀྱང་རྒྱུན་ལྡན་གྱི་ནད་པ་དང་མི་འདྲ་བའི་རྟགས་མང་པོ་འབྱུང་གིན་ཡོད། ཁྲག་ཤེད་མཐོ་ཞིང་སྙིང་གི་འཕར་ཚད་མགྱོགས་པ་དང་། ཁྲག་ཤེད་མཐོ་ཞིང་སྙིང་གི་འཕར་ཚད་དལ་བ། ཁྲག་ཤེད་མཐོ་ཞིང་ཁྲག་རྩ་འགག་པས་སྙིང་གི་བྱེད་ནུས་ལ་གནོད་པ་ཐེབས་པ། སྙིང་གི་ལྡིང་ཤུགས་ལ་ཆེ་ཆུང་ཤོར་བ་ལྟ་བུ་མང་པོ་ཡོད་པ་རེད། དུས་རྒྱུན་དུ་སྙིང་ཁམས་མི་བདེ་བའི་ནད་པ་ཞིག་ལ་མཚོན་ན། དབུགས་འཚང་བ་དང་ཐང་ཆད་པ། མགོ་ཡུ་འཁོར་བ། མིག་རབ་རིབ་ཏུ་འགྱུར་བ། རྫ་མགོ་མཐོ་ས་ནས་སྙིང་གི་བྱེད་ནུས་ལ་གནོད་པ་ཐེབས་པ་དང་། ཡང་ན་ནད་གཞན་པ་ལ་བརྟེན་ནས་སྙིང་ཁྲག་གི་འཁོར་སྐྱོད་ལ་གནོད་པ་ཐེབས་པ་སོགས་སྙིང་འཕར་རླབས་རིས་ཀྱི་སྟེང་ནས་ངོས་འཛིན་ཐབས་སྣ་ཚོགས་ཤིག་ཡོད་པ་བརྟག་དཔྱད་སྨན་པའི་ལས་སུ་གྱུར་པས་མདོར་བསྡུས་སུ་བརྗོད་པའོ། །