མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་གྲོང་གསེབ་སྡོད་དམངས་ཀྱི་བདེ་ཐང་རྒྱུ་སྤུས་ཇེ་མཐོར་བཏང་བ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་བདེ་ཐང་རྒྱུ་སྤུས་ལ་སྐུལ་འདེད་དང་བདེ་ཐང་རྫོང་ཁུལ་འཛུགས་སྐྲུན་བྱེད་པ། བདེ་ཐང་གི་ཚན་རིག་ཁྱབ་སྤེལ་སློབ་གསོ་སྤེལ་བ་སོགས་བརྒྱུད། བདེ་ཐང་གི་འཚོ་བ་རོལ་སྟངས་ཁྱབ་སྤེལ་བྱེད་པར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་སྟེ། བདེ་ཐང་འདུ་ཤེས་རྒྱུན་ཆད་མེད་པར་མི་སེམས་སུ་ཟུག་ཏུ་བཅུག
རང་ཞིང་གིས་བདེ་ཐང་རྫོང་ཁུལ་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་སྟེ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་དང་ཧོང་ཀྲུང་ཆུས། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་སོགས་བདེ་ཐང་རྫོང་ཁུལ24བསྐྲུན་ཅིང་། དེས་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ)ཁག་གི53%ཟིན་ཡོད། དེའི་ཁྲོད། ཟི་ལིང་གྲོང་ཁྱེར་གྱི་མཁར་བྱང་ཁུལ་དང་ཧོང་ཀྲུང་ཆུས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་ཉམས་མྱོང་བྱེད་ཐབས་དེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྡུད་ལེན་བྱས་ཏེ་ཕུལ་བྱུང་དཔེ་གཞིར་བརྩིས་ནས་རྒྱལ་ཡོངས་སུ་དྲིལ་སྒྲོག་ཁྱབ་གདལ་བཏང་། བདེ་ཐང་གི་ཚན་རིག་ཁྱབ་སྤེལ་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་དང་། “བདེ་ཐང་སློབ་གསོ་ལེ་དབར་ཁྲི་རུ་བསྐྱོད་པའི”བྱ་འགུལ་ཟོང་རྟགས་གསར་སྐྲུན་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་རྫོང་ཁུལ45ལ་ཁེབས་ཏེ། རིམ་བསགས་ཀྱིས་ལེ་དབར་ཁྲི7ལྷག་ལ་བསྐྱོད། བདེ་ཐང་སློབ་གསོའི་མ་དཔེ་རྒྱུན་ཆད་མེད་པར་གསར་སྐྲུན་བྱས་པ་དང་། བདེ་ཐང་ཤེས་བྱ་དྲིལ་སྒྲོག་དང་མཚོ་སྔོན་མཛའ་གཞས་སོགས་དམངས་ཁྲོད་ཀྱི་རིག་རྩལ་མཉམ་བསྲེས་ལེགས་པོ་བྱས་ཏེ་མཛའ་གཞས་ཚུལ་གྱིས་བདེ་ཐང་གླུ་རུ་བླངས། སྲོལ་རྒྱུན་གྱི་དགོན་པའི་འདུ་ཚོགས་དང་ཚོང་འདུས་སོགས་ཚོགས་ར་ནས་བདེ་ཐང་དྲིལ་སྒྲོག་ས་ཚིགས་འཛུགས་པར་ཟུང་འབྲེལ་བྱས་ཏེ། དྲིལ་སྒྲོག་གི་ཤུགས་ཚད་ཇེ་ཆེར་བཏང་། 2024ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སྡོད་དམངས་ཀྱི་བདེ་ཐང་རྒྱུ་སྤུས་ཀྱི་ཆུ་ཚད2021ལོ་དང་བསྡུར་ན་བརྒྱ་ཆའི་ཆ5.7འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་བདེ་ཐང་བར་ལ་ཧེ་བག་བརྒྱ་ཆའི་ཆ10.31ཡོད་ལ། 2021ལོ་དང་བསྡུར་ན་བརྒྱ་ཆའི་ཆ0.94མར་ཆག གྲོང་གསེབ་སྡོད་དམངས་ཀྱི་བདེ་ཐང་རྒྱུ་སྤུས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་སྟེ། གྲོང་ཁྱེར་སྡོད་དམངས་ཀྱི་བདེ་ཐང་རྒྱུ་སྤུས་ཆུ་ཚད་དང་བསྡུར་ན་བར་ཐག་རྒྱུན་ཆད་མེད་པར་ཇེ་ཆུང་དུ་སོང་ཡོད།
རང་ཞིང་གིས་བདེ་ཐང་གྲོང་གསེབ་འཛུགས་སྐྲུན་ལ་དམིགས་པ་དང་། མང་ཚོགས་ཀྱི་དགོས་མཁོ་རྒྱུན་མཐུད་སྒོས་ཁྲིད་ཕྱོགས་བྱེད་པ། ཁོངས་ཡོངས་དང་མི་ཚོགས་ཡོངས། ཚེ་སྲོག་འཁོར་ཡུན་ཡོངས་ཀྱི་བདེ་ཐང་སློབ་གསོ་མ་ལག་བསྐྲུན་ཏེ། བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་ལ་རོགས་ཤུགས་བཏོན། གྲོང་གསེབ་ཀྱི་འཚོ་བ་རོལ་སྟངས་ལེགས་བཅོས་དང་། སྡེ་བའི(སྡོད་དམངས)ཨུ་ཡོན་ལྷན་ཁང་དང་སྤྱི་པའི་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་བྱེད་པ། འཕྲོད་བསྟེན་དང་བདེ་ཐང་སྲིད་ཇུས་དྲིལ་སྒྲོག་བྱས་ཏེ། བདེ་ཐང་ཤེས་བྱ་ཁྱབ་གདལ་དུ་བཏང་། གྲོང་གསེབ་བདེ་ཐང་སྤྱི་ཆིངས་སྒྲིག་བཟོ་དང་བདེ་ཐང་སྲོལ་ཡིག་སོགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཡ་རབས་བདེ་ཐང་དང་ལྗང་མདོག་ཁོར་སྲུང་སོགས་ཀྱི་འདུ་ཤེས་དང་བླང་བྱ་སྡེ་བའི་སྡེ་སྲོལ་དམངས་ཆིངས་ནང་བཞག་སྟེ། བདེ་ཐང་བྱ་སྤྱོད་ཐུན་མོང་གིས་ལག་ལེན་བྱེད་པར་སྐུལ་འདེད་བཏང་། བདེ་ཐང་གི་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱ་འགུལ་སྤེལ་བ་དང་། ཁྱིམ་ཚང་གང་བོ་ལྗིད་ཚད་ཚོད་འཛིན་ནང་ཞུགས་པར་སྐུལ་སློང་བྱས་ཏེ། བཟའ་བཏུང་དང་ལུས་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་ཆགས། ཀྲུང་ལུགས་སྨན་བཅོས་ཀྱིས་འགུལ་སྐྱོད་ལ་སྐུལ་འདེད་བྱེད་པ་དང་། ཀྲུང་ལུགས་སྨན་བཅོས་ཀྱི་བདེ་ཐང་ཤེས་བྱ་ཁྱབ་གདལ་བྱེད་པར་ཤུགས་བསྣན་ཏེ། ཀྲུང་ལུགས་སྨན་བཅོས་ཀྱི་ཡང་དག་པའི་ཁམས་གསོ་འདུ་ཤེས་བརྒྱུད་སྒྲོག་དང་ཀྲུང་སྨན་གྱི་བདེ་སྲུང་རྩལ་ནུས་སློབ་ཁྲིད་བྱས། གཞི་རིམ་གྱི་བདེ་ཐང་སློབ་གསོའི་དྲ་བ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བདེ་ཐང་སློབ་གསོ་དང་བདེ་ཐང་ཚན་རིག་ཁྱབ་སྤེལ་འཕྲིན་སྟེགས་བརྒྱུད་དེ་བདེ་ཐང་ཡར་སྐུལ་རྫོང(ཁུལ)དང་བདེ་ཐང་རིག་གནས་སྤེལ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་མི་སྣར་བདེ་ཐང་སློབ་གསོའི་གསོ་སྦྱོང་བྱེད་པར་ཤུགས་སྣོན་པ། བདེ་ཐང་སློབ་གསོའི་ཆེད་ལས་ནུས་པ་མཐོར་འདེགས་བཏང་སྟེ། བདེ་ཐང་ཚན་རིག་ཁྱབ་སྤེལ་ཤེས་བྱ་བརྒྱུད་སྒྲོག་དང་ཞབས་ཞུ་ཇེ་དྲག་ཏུ་བཏང་། །