རྐང་ཚས“དར་སྤེལ་ཆེན་པོ་ལྔ”ལ་དམིགས་ནས་གྲོང་གསེབ་དར་སྤེལ་གྱི་མཛེས་སྡུག་མངོན་པར་བྱ
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་རྐང་ཚ་རྫོང་གིས་ཐོན་ལས་དང་། འཇོན་མི། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ཀྱི“དར་སྤེལ་ཆེན་པོ་ལྔ”ལ་དམིགས་ནས་འགན་འཁྲི་དང་། ལས་དོན། སྲིད་ཇུས་དོན་འཁྱོལ་བཅས་དམ་འཛིན་ནན་མོ་བྱས་ཏེ། ཕྱོགས་ཡོངས་སུ་ནུས་ཤུགས་འདོན་པ་དང་། རོགས་འདེགས་སྐུལ་འདེད་བཏང་བས། རྫོང་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་བརྟན་པོའི་ངང་སྐུལ་འདེད་བཏང་།
རྐང་ཚ་རྫོང་གིས་རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི“གནས་བཞིའི”འཛུགས་སྐྲུན་མཉམ་འདྲེས་བྱས་ཏེ།ཞིང་འབྲོག་ལས་རིགས་ཀྱི“དེང་རབས་ཅན་ལྔ”བཅོས་བསྒྱུར་ལ་སྐུལ་འདེད་བཏང་པ་དང་། ནོར་ལུག་ཕྱིར་འཚོང་ལ་བྱ་དགའ་སྤྲོད་པའི་བྱ་ཐབས་སྤྱད། སྐམས་ལུག་ཤའི་ལས་གཉེར་ཚོང་ཁང19བཙུགས་ནས། པེ་ཅིན་ཐེན་ཡེས་ཧྲིན་ཞུན་ཚོང་དོན་ཚད་ཡོད་ཀུང་སིར་སྒོར་དུང་ཕྱུར1.6ཡི་གན་རྒྱ་བཞག་སྟེ་འབྲོག་ལུག་གི་ཤ་ཁོག་ཁྲི18མངགས་ཉོ་བྱེད་པར་གཏན་ཕབ་བྱས་ཤིང་།རྐང་ཚའི་འབྲོག་ལུག་དངོས་སུ་པེ་ཅིན་དུ་ནང་འདྲེན་བྱས་པར་ར་སྤྲད། ཞིང་ལས་ཐོན་རྫས་ལས་སྣོན་ལ་བརྟེན་ནས་ཐོན་ལས་འབྲེལ་ཐག་ཇེ་རིང་དུ་བཏང་བ་རེད། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལ་ཞིབ་ཕྲ་ལས་སྣོན་བྱས་ཏེ། སྐམས་ཤའི་མངར་འདག་དང་། ཤྭ་མོ་སེར་བོའི་མངར་འདག ལུག་ལྤགས་ཀྱི་སྤྱིན། མཐོ་སྒང་ནོར་གནག་གི་མཆིན་སྙིང་དང་། ཤའི་མཉམ་འདུས་འཚོ་བཅུད་ཐའེ་སོགས་ལས་སྣོན་ཞིབ་ཚགས་ཀྱི་ཐོན་རྫས་སྣ་ཚོགས་གསར་སྤེལ་བྱས་ཏེ།རྩེ་གྲས་ཁྲོམ་རར་ནང་འདྲེན་བྱས་པ་དང་།སྤུས་ལེགས་ཚོང་རྟགས་ཀྱི་རིན་ཐང་མཐོར་འདེགས་སུ་བཏང་། གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་སྐྱེ་ཁམས་དང་། རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ཏེ། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་སུ་བཏང་བ་དང་། ཁྱད་ལྡན་གྱི་ཡུལ་ལྗོངས་བསྐྲུན་ནས་ཡུལ་སྐོར་བ་མང་བོའི་ཡིད་དབང་ཅིག་ཅར་ཏུ་འཕྲོག་པར་བྱས་ནས། ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ། ལས་ཞུགས་ཀྱི་ལས་གནས་གསར་སྐྲུན་བྱས་པ་རེད།
རྫོང་འདིས“ནང་འདྲེན་དང་། སྐྱེད་སྲིང་། ཤུལ་བཞག བཀོད་སྤྱོད”ཐད་ལ་མུ་མཐུད་དུ་ནུས་ཤུགས་འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ།འཇོན་མིའི་སྟོབས་ཤུགས་དེ་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་སུ་མངོན་པར་བྱ་རྒྱུ་དང་། འཇོན་མིའི་ནུས་པ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་རི་མོ་གསར་བ་ཞིག་གི་དབུ་ཁྱུད་བྲིས། སྲིད་ཇུས་ཀྱི་འགན་སྲུང་འཐུས་ཚང་དུ་བཏང་ནས་འཇོན་མི་སྐྱེད་སྲིང་དང་མཉམ་འདུ་བྱ་རྒྱུར་སྐུལ་འདེད་བྱས་པ་རེད། འཇོན་མི་སྐྱེད་སྲིང་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། གྲོས་མོལ་ཚོགས་འདུ་དང་། ཆེད་མཁས་པའི་ཞབས་ཞུ་ཚོགས་པ། སློབ་གྲྭ་དང་ཚོགས་པ་སྒྲིག་འཛུགས་ཀྱིས་འཇོན་མི་ནང་འདྲེན་བྱེད་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ། རྣམ་གྲངས5ལ་གན་རྒྱ་བཞག་པ་དང་སློབ་གསོ་དང་སྨན་བཅོས་མི་སྣ8ཧྲན་ཏུང་དུ་སློབ་གཉེར་བྱེད་དུ་བཅུག “འཇོན་མིའི་ཚོ་ཁག”6བཙུགས་པ་དང་ཆེད་ལས་རང་བཞིན་དང་ལྟ་སྦྱོང་རང་བཞིན་གྱི་ལས་དོན་མི་སྣ1215ལ“ཕུལ་བྱུང་འཇོན་མིའི་ཚོ་ཁག”ནང་དུ་བཅུག་པ་རེད། སྟེགས་བུ་བཙུགས་ནས་འཇོན་མི་སྐྱེད་སྲིང་དང་རྒྱ་བསྐྱེད་གཏོང་བར་སྐུལ་འདེད་བཏང་། “མཉམ་འབྲེལ་དྲ་ཚིགས+”སྤྱད་ནས་ལས་གཏོད་གསོ་སྐྱོང་རྟེན་གཞི་བཙུགས་ཏེ་ཚོགས་པ8མཉམ་ཞུགས་བྱས་ནས་གཙོ་འཛིན་པ11གིས་ཐད་གཏོང་ཚོགས་པ་བཙུགས་ནས་རྐང་ཚ་དྲིལ་སྒྲོག་བྱས། སྤུས་ཚད་མཐོ་བའི་སློབ་གསོ་དང་སྨན་བཅོས་འཇོན་མི་གཏོད་རྒྱུ་དམིགས་འབེན་དུ་བྱས་ཏེ། གསོ་རིག་སློབ་མ་དང་དེ་བཞིན་གཞུང་གི་གྲོན་དངུལ་ལོངས་སུ་སྤྱོད་བཞིན་པའི་དགེ་ཐོན་སློབ་མ་གསོ་སྐྱོང་རྣམ་གྲངས་ལག་བསྟར་བྱས། མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ4ལ་མཉམ་འབྲེལ་བྱས་ཏེ། འབྲོག་ལུག་ཐོན་ལས་མཐོར་འདེགས་སུ་གཏོང་བའི་སྲིད་འཛིན་སྡེ་བ་གསུམ་དུ་ཕན་ནུས་ལྡན་པའི་གསོ་སྤེལ་ལག་རྩལ་དཔེ་སྟོན་ཁྱབ་གདལ་དུ་བཏང་།《རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཕུལ་བྱུང་འཇོན་མིར་འབྲེལ་གཏུག་བྱེད་ཐབས》གཏན་འབེབས་བྱས་ཏེ། རྫོང་རིམ་པའི་འགོ་ཁྲིད24ཡིས་ཕུལ་བྱུང་འཇོན་མི26དང་འབྲེལ་གཏུག་བྱས་ཤིང་། འཇོན་མི་འཕེལ་རྒྱས་སུ་གཏོང་བར་རོགས་རམ་བྱས་པ་རེད།
རྐང་ཚ་ཡིས་གཟུགས་འདུས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་ཁྱབ་གདལ་དུ་བཏང་སྟེ། མི་རིགས་ལག་ཤེས་བཟོ་ལས་མ་ལག་ཆགས་པར་སྐུལ་འདེད་བྱས། 《རྐང་ཚ་རྫོང་གིས་མི་རིགས་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་ལག་རྩལ་རིགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་དོན་ཚན18(ཚོད་ལྟ)》འགྲེམས་སྤེལ་བྱས་ཏེ། སྲོལ་རྒྱུན་ཀྱི་བཟོ་རྩལ་ལ་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བ་རེད། ཐོན་ཁུངས་རེའུ་མིག རྒྱུན་འཛིན་པ། སྤྱི་ཡོངས་རང་བཞིན་སོགས་ཀྱི་སྲུང་སྐྱོབ་མ་ལག་བཙུགས་ནས་གཟུགས་འདུས་རིག་གནས་སྲུང་སྐྱོབ་ཀྱི་སྒྲོམ་གཞི་བཟོས། རིག་གནས་ཐོན་ཁུངས་བཀོད་སྒྲིག་ལེགས་པོར་བྱས་ཏེ། སྤྱི་བའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་འདེགས་སུ་བཏང་ནས། རྫོང་དང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་ཧུར་ཐག་གིས་འཛུགས་རྒྱུ་དང་། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ31ལ་རིག་གནས་བྱ་འགུལ་ཁང་བཙུགས་ནས་ཁྱབ་ཚད100%ཟིན་ཡོད།
རྫོང་འདིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་འཛུགས་རྒྱུ་གོ་སྐབས་སུ་བཟུང་སྟེ། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་མཉམ་འདྲེས་དམ་ཟབ་མངོན་འགྱུར་བཅས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ལེགས་བཅོས་བྱས་ཡོད། གཅིག་སྡུད་དྲོད་འདོན་རླངས་དབུགས་བཅོས་སྐྱོང་གཏིང་ཟབ་ཏུ་བྱས་ཏེ།གཙང་བཤེར་དྲོད་ལེན་བསྒྱུར་བཀོད་དང་གད་སྙིགས་སྲེག་པའི་དུ་བར་དོ་དམ་དང་ཚོད་འཛིན་ལེགས་པོར་བྱས་པ་དང་། མཁའ་དབུགས་བཟང་ཚད99.7%ཟིན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་སྡུར་ཚད་ལས་ལེགས་ཤིང་།ཆུའི་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ཚད་ལྡན་དུ་སླེབས་ཡོད། རྫོང་དང་། ཡུལ་ཚོ། (གྲོང་རྡལ་)སྡེ་བ་བཅས་རིམ་པ་གསུམ་གྱི་འཐུང་ཆུའི་འབྱུང་ཁུངས35སྲུང་སྐྱོབ་དང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་ཏེ།འཛུགས་སྐྲུན་ཁྱོན་ཡོངས་སུ་ཁྱབ་པར་བྱས།བཞུར་ཆུའི་ནང་དུ་བཏང་བའི་བཙོག་ཆུར་ཞིབ་བཤེར་བྱས་ནས་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཡོད། ཆུའི་སྐྱེ་ཁམས་ཉམས་གསོ་དང་། ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་པ། བཙོག་ཆུ་ཐག་གཅོད་བྱེད་པའི་བཟོ་གྲྭ་བསྐྱར་སྐྲུན་དང་རྒྱ་བསྐྱེད་སོགས་ནུས་ལྡན་གྱི་བྱེད་ཐབས་བརྒྱུད་ནས་རྫོང་ཁོངས་ཀྱི་ཆུའི་ཁོར་ཡུག་ཕྱོགས་བསྡུས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ། ས་ངོས་ཀྱི་ཆུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱིས་ཚོད་འཛིན་དང་ཞིང་ཆེན་གྱིས་རྟོག་ཞིབ་བྱས་པའི་ཁྲོད་ནས་ཆུའི་སྤུས་ཚདⅡརིགས་ཀྱི་བསྡུར་ཚད100%ཟིན་ཡོད།
རྐང་ཚའི་སྡེ་བ་རིམ་པའི་རྩ་འཛུགས་འཛུགས་སྐྲུན་ཚད་ལྡན་དུ་ངཏང་། “སྐར་རིམ་ཅན་གྱི”འདེམས་བསྐོ་སྤེལ་ནས་སྐར་མ་འདེམས་པར་ཚད་གཞི་གསལ་བོ་བཟོས་ཤིང་། སྐར་རིམ་བརྒྱད་ཀྱི་ཡན་ལ་ཕུལ་བྱུང་སྡེ་བར་འདེམས་ནས་གཟེངས་བསྟོད་བྱ་རྒྱུ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གོ་གནས་རིམ་འཕར་བྱེད་པར་སྐུལ་འདེད་བཏང་། ཉམས་ཞན་གྱི་གནད་ལ་དམིགས་ཏེ། 5%ལས་མི་དམའ་བའི་བསྡུར་ཚད་ལྟར་རྩ་འཛུགས་ཐར་ཐོར་ཅན་དུ་གཏན་འཁེལ་བྱས་པ་དང་། རྫོང་རིམ་པའི་ལས་བྱེད་པར་ཁག་འཁུར་འབྲེལ་གཏུགས་བྱས་ཏེ། “ཀྲི་པུའུ་གཅིག་དང་ཇུས་གཞི་གཅིག”སྤྱད་དེ་ལེགས་སྒྲིག་མཐོར་འདེགས་སུ་གཏོང་དགོས། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྲུན་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གཏོང་བར་སྣེ་ཁྲིད་བྱེད་པ། “ཉིང་རྡུལ་གཅིག་དང་རུ་ཁག་ལྔ་དར་སྤེལ་གཏོང་བའི”བྱ་བའི་བཅའ་ཁྲིམས་ལག་བསྟར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་དང་། ཐོན་ལས་སྐུལ་འདེད། སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་། རིག་གནས་དྲིལ་སྒྲོག་བཅས་ཀྱི་ལས་དོན་རུ་ཁག5བཙུགས་ནས་འཇོན་མི་དང་། སྲིད་ཇུས། མ་དངུལ་རོགས་སྐྱོར་བཅས་ཀྱིས་རྒྱབ་སྐྱོར་བྱས་ཏེ། ཐོན་ཁུངས་བསྡུ་སྒྲིག་དང་གནད་དོན་ཐག་གཅོད་བྱ་རྒྱུར་གཞི་རིམ་ལ་ཕྱོགས་རྒྱུར་སྐུལ་འདེད་བཏང་བ་རེད།