འབྲོག་དམངས་ཐད་གཏོང་པར་གྱུར་ཏེ་ཕྱུགས་ལས་ཐོན་རྫས“དྲ་ལམ་དུ་བཀྲམ།”
发布时间:2025年07月02日
消息来源:
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ6པའི་ཚེས18ཉིན། དཀོན་ལོ་ཚང་གོང་མ་སྡེ་བའི་གློག་རྡུལ་ཚོང་གཉེར་ཐད་གཏོང་པ་རྡོ་རྗེ་འཚོས་རྟེན་གཞིའི་ནང་ཐད་གཏོང་བྱེད་བཞིན་ཡོད། ཁོ་མོས་བྱང་ཆ་ལྡན་པའི་བརྙན་མིག་བརྗེ་བསྒྱུར་བྱས་ཏེ་ཐད་གཏོང་ཁང་གི་གྲོགས་པོ་ཚོར་སྤྲོ་སེམས་འཁོལ་བའི་ངང་ནས“དྲི་ཞིམ་བཅུད་ལྡན་གྱི་སྐམས་ཤ་མཚམས་སྦྱོར་བྱས།” ཁོ་མོས་འགྲེལ་བཤད་དང་བསྟུན་ནས། མངག་ཉོ་ལེགས་འགྲུབ་བྱུང་བའི་བརྡ་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོད།
ཡར་སྔོན་དཀོན་ལོ་ཚང་གོང་མ་སྡེ་བའི་བོད་ལུག་དང་ནོར་གནག་ནམ་ཡང“ཐོར་གསོ་ཐོར་འཚོང”བྱེད་བཞིན་ཡོད་པ་དང་ས་བབ་གནས་སྟངས་ཐག་རིང་བ་དང་ཕྱིར་འཚོང་ཐབས་ལམ་སྣ་རྐྱང་ཡིན་པས་ཐོན་རྫས་ལེགས་པོ་རིན་གོང་བཟང་པོར་བཙོང་དཀའ་བ་རེད། 2022ལོར་རང་ལོ21ལ་སོན་པའི་རྡོ་རྗེ་འཚོ་སློབ་ཆེན་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་སྡེ་བའི་ནང་དྲ་དཔོན་གསོ་སྐྱོང་རྟེན་གཞི་ཞིག་གསར་འཛུགས་བྱས་པ་དང་ཁོ་མོས་གློག་རྡུལ་ཚོང་ལས་སྟེགས་བུར་བརྟེན་ནས་རྒྱལ་ཡོངས་ལ་སྡེ་བའི་ནང་གསོ་སྤེལ་བྱས་པའི་སྐམས་ཤ་དང་ཐོན་སྐྱེད་བྱས་པའི་ནས་ཀྱི་སྦི་རག་སོགས་མཚམས་སྦྱོར་བྱས། གློག་རྡུལ་ཚོང་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེས་ཚོང་ལམ་རྒྱ་ཆེར་ཕྱིན་པས། ན་གཞོན་མང་བོ་ཕ་ཡུལ་དུ་ལོག་ནས་ཐད་གཏོང་བྱེད་པར་ཞུགས། ལོ24ལ་སླེབས་པའི་བོད་རིགས་བུ་མོ་རྡོ་རྗེ་འཚོས“གསོ་སྦྱོང་དང་དངོས་སྦྱོང”བརྒྱུད་དེ་བརྙན་ཐུང་པར་ལེན་དང་ཐད་གཏོང་གཏམ་བཤད། གཞི་གྲངས་དབྱེ་ཞིབ་སོགས་རྩལ་ནུས་མང་པོ་ཁོང་དུ་ཆུད་པས་རྟེན་གཞིའི་གསེར་གྱི་རྟགས་མའི་ཐད་གཏོང་བར་གྱུར་ཡོད།
མཐོ་སྒང་གི་སྐམས་ལུག་ཤའི་སྤུས་ཚད་ལེགས་པ་དང་འཚོ་བཅུད་ཀྱི་གྲུབ་ཆ་མང་པོ་འདུས་པས། ཁྲོམ་རའི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་མོད། འོན་ཀྱང་ཉར་ཚགས་དང་སྐྱེལ་འདྲེན་གྱི་བླང་བྱ་ཧ་ཅང་མཐོ་བ་དང་དུས་མཚུངས་ཐད་གཏོང་འགྲེམས་སྟོན་བྱེད་དུས་འོད་ཐིག་དང་པར་ལེན་གྱི་ཟུར་ཚད་སོགས་ལག་རྩལ་གྱི་བླང་བྱ་ཡང་དེ་བས་ནན་མོ་ཡོད། དེར་བརྟེན་སྡེ་བའི་ནང་ཆེད་ལས་ཀྱི་ཐོན་རྫས་སོས་ཉར་འགྲེམས་སྟོན་ཁུལ་དང་ཁྱད་ཆོས་ལྡན་པའི་ཐད་གཏོང་ཁང་མང་པོ་གསར་དུ་བསྣན་ཡོད་པ་མ་ཟད། འཐུས་སྒོ་ཚང་བའི་ཟོང་འགྲུལ་མཛོད་གསོག་ལྟེ་གནས་ཀྱང་བཙུགས་ཡོད།
ས་གནས་དེར་གློག་ཤུགས་འགན་ལེན་འདང་ངེས་མཁོ་འདོན་བྱ་ཆེད། 2021 ལོ་ནས་བཟུང་རྒྱལ་ཁབ་གློག་དྲ་མཚོ་བྱང་གློག་འདོན་ཀུང་སིས་རིམ་རྩིས་བྱས་ན་དཀོན་ལོ་ཚང་གོང་མ་སྡེ་བར་སྟོང་ཧྥུ10ཡི་སྐུད་ལམ་སྨི450དང་གློག་ཐག་སྐུད་ལམ་སྨི445གསར་དུ་བཙུགས་པ་དང་།གློག་སྒྲོན་སྤྱོད་མཁན་ཁྱིམ་ཚང207དང་སྒུལ་ཤུགས་སྤྱོད་མཁན་ཁྱིམ་ཚང10བསྒྱུར་བཀོད་བྱས་པ་དང་། སྡེ་བའི་ནང་ཁུལ་གྱི་གློག་གནོན་སྒྱུར་ཆས་ཀྱི་སྤྱིའི་ཤོང་ཚད་སྟོང་ཧྥུ་ཨན2520བར་མཐོ་རུ་བཏང་བ་མ་ཟད། ད་དུང་སྐམས་ལུག་ཤ་ལས་སྣོན་ཁང་དང་འཁྱག་མཛོད་ཁང་། དེ་བཞིན་གསར་དུ་བསྐྲུན་པའི་མཛོད་གསོག་ལྟེ་གནས་བཅས་ལ་གློག་གནོན་སྒྱུར་ཆས་སྟོང་ཧྥུ་ཨན250གསར་དུ་བསྣན་ཡོད། གློག་དྲ་སྒྱུར་བཀོད་དང་རིམ་སྤོར་བྱེད་པའི་དུས་མཚུངས་སུ། རྒྱལ་ཁབ་དྲ་བའི་མཚོ་བྱང་གློག་མཁོ་འདོན་ཀུང་སིས་འབྲོག་པར“ཉེ་སར་བཅར་ནས་སྒྲུབ་པ་དང་ཁྱིམ་སྒོ་ཉུལ་ནས་སྒྲུབ་པ། ཁྱེད་ལ་རོགས་རམ་བྱས་ནས་སྒྲུབ་པ”ཅེས་པའི་དམངས་ཕན་ཞབས་ཞུ་བསྒྲུབ་སྟེ། “གློག་སྒྲུབ་སྡེ་ཕྱིར་འགྲོ་མི་དགོས”པའི་ཞབས་ཞུ་བཟང་པོ་གམ་དུ་གཉེར་ཡོད།
ད་ལྟའི་དཀོན་ལོ་ཚང་གོང་མ་སྡེ་བ་ནི་སྐམས་ལུག་ཤ་རྐྱང་བ་ལས་གཞན་མེད་པ་ཞིག་མ་ཡིན་པར། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་ཁྱད་ཆོས་ལྡན་པའི་གནས་སྐོར། ཕན་འབྲས་ཆེ་བའི་ཕྱུགས་ལས་གསོ་སྤེལ། སྦི་རག་ལས་སྣོན། ཕྱུགས་ཞོར་ཐོན་རྫས་ལས་སྣོན་སོགས་ལས་རིགས་མང་པོ་མཉམ་དུ་མདུན་སྐྱོད་བྱས་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་དར་རྒྱས་ཆེན་པོ་བྱུང་ཡོད། 2024ལོར་དཀོན་ལོ་ཚང་གོང་མ་སྡེ་བས་ཐོན་ལས་སྦྲེལ་ཐག་ཐོག་གི་དབུལ་ཐར་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར19817.5ཡན་ཟིན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི 80 ལས་བརྒལ་ཡོད།