འོམ་ཆུ་འགྲམ་དུ་ཐོན་ལས་དར། དམངས་རྣམས་སྐྱིད་པའི་དཔལ་ལ་རོལ།
发布时间:2025年07月11日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་རུ། ཁོད་ཡངས་ལ་ངོས་གཙང་བའི་སྡེ་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་བསྲིངས་པ་དང་། བོད་པའི་སྡོད་ཁང་དག་གི་ཤིང་སྒོའི་ཀླད་དུ་སོ་ཕག་དམར་པོས་བརྒྱན་ཞིང་། ཁྱིམ་ཚང་རེ་རེའི་སྒོ་ཁ་རུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་བསྐྱོད་པ་སོགས་ཀྱིས་མཐོ་སྒང་གི་སྡེ་བ་འདིའི་འཕེལ་རྒྱས་དང་འགྱུར་ལྡོག་ལ་བདེན་དཔང་བྱེད་ཀྱིན་ཡོད།

གནའ་བོའི་བཟོ་དབྱིབས་ཀྱི་ཤིང་ཁང་དང་ཤེལ་སྔོན་པོས་བཏུམ་ཡོད་པའི་འགྲུལ་ཁང་སོགས་སྡེ་རྒྱབ་ཀྱི་ལ་ངོས་སུ་ཁྱད་ཆོས་མི་འདྲ་བའི་སྡོད་ཁང་རེ་རེ་བསྣོལ་མར་ཆགས་པ་དེ་སྔོ་ལྗང་གི་རི་ཆུ་དང་ཕན་ཚུན་བརྒྱན་ཡོད། དཀོན་ལོ་གོང་མ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་ཀྲང་མེང་ང་ཚོའི་སྔུན་ལ་བརྒྱུགས་ཡོང་སྟེ། “གན་ནི་ང་ཚོས་ལས་བཞིན་པའི་ཁྱད་ལྡན་སྦྲ་གུར་སྒར་ས་ཡིན། ངས་ཁྱེད་ཚོ་ཁྲིད་ནས་བལྟ་རུ་འགྲོ”ཞེས་དགའ་སྤྲོའི་ངང་བཤད།


དབྱར་མགོ་མའི་མཐོ་སྒང་གི་རླུང་བུའི་ཁྲོད་དུ་སྔོ་རྩྭའི་དྲི་བསུང་གིས་ཁྱབ་འདུག  ང་ཚོ་རྐང་ལམ་ཞིག་དེད་དེ་མདུན་དུ་ཅུང་ཙམ་སོང་བ་ན། ཤེལ་སྔོན་པོས་བཏུམ་པའི་འགྲུལ་ཁང་མང་པོ་ཞིག་མིག་ལམ་དུ་མངོན། “སྲོལ་རྒྱུན་གྱི་སྦྲ་གུར་དང་བསྡུར་ན།ཤེལ་ཁང་འདི་དག་ལ་སེར་བུ་དང་ཆར་ཆུ་འགོག་པ་དང་དྲོད་འཛིན་རང་བཞིན་ཆེ་བའི་ཁྱད་ཆོས་ལྡན་པས། ཡུལ་སྐོར་པ་རྣམས་ལ་སྔར་བས་བདེ་འཇགས་ཡིན་པའི་ཞག་སྡོད་ཁོར་ཡུག་སྐྱིད་པོ་ཞིག་འདོན་སྤྲོད་བྱེད་ཐུབ”ཅེས་ཀྲང་མེང་གིས་འགྲོ་ཞོར་དུ་དེ་ལྟར་བཤད། ལས་གཞི་དེ་སྐབས་གཉིས་སུ་བགོས་ནས་ལས་པ་སྟེ། སྐབས་དང་པོར་མ་དངུལ་སྒོར་ཁྲི582བཏང་ནས་སྦྲ་གུར་ཟ་ཁང16ལས། སྐབས་གཉིས་པར་ཧྲན་ཏུང་གི་རོགས་དངུལ་སྒོར་ཁྲི1011བཏང་སྟེ་སྦྲ་གུར་འགྲུལ་ཁང31ལས་ལ། ད་ལྟ་ལས་ནས་འགྲུབ་ལ་ཉེ།

ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས། དཀོན་ལོ་གོང་མ་སྡེ་བས་མི་རིགས་གྲོང་ཚོ་དང་སྦྲ་གུར་སྒར་ས། ཤིང་ཁང་ཆུང་ཆུང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཡུལ་དངོས་སྦྱོང་བརྡར་རྟེན་གཞི་སོགས་གཞི་གཅིག་ཅན་གྱི་གྲོང་གསེབ་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་བཏོན་ནས། མཚོ་བྱང་ཁུལ་གྱི་གསར་བརྗེ་ཡུལ་སྐོར་གྱི་སྐོར་ལམ་ཆེན་མོར་འདྲེས་སུ་བཅུག་པ་དང་སྡེ་བའི་ལོ་རྒྱུས་བཤམས་སྟོན་ཁང་སོགས་ཀྱི་གསར་བརྗེའི་ཐོན་ཁུངས་དང་ཟུང་འབྲེལ་བྱས་པ། ཡུལ་སྐོར་གྱི་མ་མཐའི་གྲུབ་ཆ་འཐུས་ཚང་དུ་བཏང་བ། རིག་གནས་རྩེད་འཇོ་དང་ལུས་རྩལ་སྤྲོ་གསེང་། སློབ་གསོ་གསོ་སྦྱོང་སོགས་ཀྱི་སྤྱི་པའི་སྒྲིག་ཆས་བཅས་ཀྱི་བཀོད་སྟངས་འོས་འཚམ་བྱས་པ་བཅས་ཀྱི་ཡུལ་སྐོར་ཞབས་ཞུའི་བྱེད་ནུས་མཐོར་འདེགས་གང་ཐུབ་བྱས།

2021ལོའི་ཟླ6པའི་ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་དཀོན་ལོ་གོང་མ་སྡེ་བར་ཕེབས་ནས་མང་ཚོགས་ལ་འཚམས་འདྲི་མཛད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་བསྐྱུར་མི་རུང་བ་བསྟན། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་དུ་ཚང་མ་སེ་འབྲུའི་ཚི་གུ་བཞིན་དམ་པོར་གཅིག་ཏུ་འབྲེལ་ཡོད། སྤུན་ཟླ་ལྟར་ཕན་ཚུན་ལ་བརྩེ་ཞིང་སོ་སྲུང་རོགས་རེས་བྱས་ན། ད་གཟོད་མི་རིགས་བསྐྱར་དར་གྱི་རླབས་ཆེན་འདུན་མ་མངོན་འགྱུར་བྱེད་ཐུབ་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཡུན་རིང་དུ་བཞད་ཐུབ།

“ང་ཚོས‘སེ་འབྲུའི་ཚི་གུ’ཡི་སྙིང་སྟོབས་འབྲེལ་ཟམ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཞི་རིམ་བཅོས་སྐྱོང་གི་འབྲེལ་ཐག་ཧྲིལ་པོར་འདྲེས་སུ་བཅུག་ནས། ‘ཏང་འཛུགས་སྐྲུན་གྱི་རྨང་གཞི་བརྟན་པ་དང་མཐུན་སྒྲིལ་གྱི་སྒྲིལ་ཤུགས་ཆེ་བ། ཐོན་ལས་ཀྱི་ཕན་འབྲས་མཐོ་བ། སྐྱེ་ཁམས་ཀྱི་སྣང་བརྙན་བཞེངས་པ། དམངས་འཚོའི་སྤུས་ཀ་འདེགས་པ’ཡི་གྲོང་གསེབ་དར་སྤེལ་གྱི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་པ་ཡིན”ཞེས་དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་དེ་ལྟར་བཤད།

2024ལོར། དཀོན་ལོ་གོང་མ་སྡེ་བས་མ་རྩ་བཏང་ནས་མཚོ་བྱང་རྐང་ཚ་དཀོན་ལོ་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས། ད་བར་དུ་ཕྱིར་འཚོང་གི་སྒོར་གྲངས་ཁྲི100ལས་བརྒལ། རྫོང་ཁོངས་ཀྱི་ཁེ་ལས་གཙོ་བོ་དང་མཉམ་ལས་གན་རྒྱ་བཞག་པས། “འབྱུང་ཁུངས་ཀྱི་གསོ་སྤེལ་ནས་ལས་སྣོན་ཞིབ་མོ། དེ་ནས་ཟོང་རྟགས་ཐོན་རྫས་ཕྱིར་འཚོང”གི་ཐོན་ལས་ཕྲེང་འབྲེལ་ཧྲིལ་པོ་གྲུབ་ཡོད། མ་དངུལ་སྒོར་ཁྲི989བཏང་ནས་ཝུ་ཆང་ཐོན་ལས་ཀྱི་ལས་གཞི་གཉེར་མགོ་བརྩམས་ཤིང་སྔོན་ཐོན་གྱི་ཐོན་སྐྱེད་སྒྲིག་ཆས་ཉོས། སྔོན་དཔག་ལྟར་ན་ལོ་རེར་ཝུ་ཆང་ཏུན950རེ་བཙག་ཐུབ།

“ཆུ་གློག་ཚང་མ་འཐེན་ཡོད་པའི་ཁང་གསར་ནང་སྤར་ནས་ཁྱིམ་ཚང་ཚང་མས་བདེ་སྐྱིད་ཀྱི་འཚོ་བ་རོལ།” “བྱིས་པ་སློབ་གྲྭར་འགྲོ་བ་དང་རྒན་པས་སྨན་པ་བསྟེན་པར་སྟབས་བདེ་བས། འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད།”“འདི་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་དྲིན་རེད།”སྡེ་བ་ནི་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་མཛེས་སྡུག འཆམ་མཐུན་རོགས་རེས་བཅས་ཀྱི་ཕྱོགས་སུ་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས། སྡེ་བའི་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཡིད་ཆེས་ཀྱིས་ཁེངས་ཤིང་སྟོབས་ཤུགས་རྒྱས་ཡོད།

སྡེ་བའི་དབུས་སུ་གནས་པའི“བོད་མཁར་སྒེའུ་ཁུང”ཉམས་ལེན་ཁུལ་དུ། སློབ་ཆེན་ནས་མཐར་ཕྱིན་མ་ཐག་གི་སྡེ་མི་རྡོ་རྗེ་སྐྱིད་ཀྱིས་གཡུ་དང་མ་ནོ་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་ཆ་སྒྲིག་བཞིན་འདུག“འདི་ནི་ང་ཚོ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཆ་ཤས་ཡིན། 2024ལོའི་ཟླ7པར་ཕྱེ་བ་ཡིན། ད་ལྟ་ཀུང་སི9དང་ལག་ཤེས་བཟོ་ཤག20ལྷག་གི་ཚོང་རྫས་ཚབ་འཚོང་བྱེད་བཞིན་ཡོད། ཤ་སྐམ་དང་སྟར་ཁུ་སོགས་ཞིང་ལས་ཁྱད་ལྡན་ཐོན་རྫས་འཚོང་བ་ལས་གཞན། ནོར་ཁུལ་གྱིས་བཏགས་པའི་སྐེ་དཀྲིས་དང་ཞྭ་མོ་རིགས་ཉོ་མཁན་ཡང་མང་།”རྡོ་རྗེ་སྐྱིད་ཀྱིས་སྤྲོ་སེམས་འཁོལ་བའི་སྒོ་ནས་ནོར་ཁུལ་གྱི་སྐེ་དཀྲིས་ཤིག་བླངས་ནས་བསྟན་བྱུང་། དེར་ཚོས་བྱུགས་མེད་རུང་བལྟས་ན་མཛེས་ལ་རེག་ན་འཇམ་པོ་ཞིག་རེད།

ཁྱིམ་ན་ནོར་གནག40ལྷག་འཚོས་ཡོད་ལ། ཟླ་གཅིག་ལ་སྒོ་ཁ་ནས་ཧ་ལམ་སྒོར4000ལེན་ཐུབ་པ་སོགས་སྐྱེ་ཁམས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས། རྡོ་རྗེ་སྐྱིད་ཀྱིས་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད། ཉམས་ལེན་ཁུལ་དེས་ཀྱང་དཔལ་འབྱོར་ཡོང་སྒོ་སྒོར་ཁྲི20ལྷག་བསྐྲུན་ལ། མཛེས་པའི་གྲོང་གསེབ་ཀྱི“བཞིན་མདངས”དེ་ལྗང་མདོག་དཔལ་འབྱོར་གྱི“རིན་ཐང”དུ་བསྒྱུར་ཡོད།

ཁོད་ཡངས་ངོས་སྙོམས་ཀྱི་སྣུམ་ལམ་རེ་རེ་ཁྱིམ་ཚང་གི་སྒོ་ཁར་འཐེན་པ་དང་། གྲལ་ཕྲེང་འགྲིག་ཅིང་འོད་ཆིལ་ཆིལ་གྱི་གློག་སྒྲོན་རེ་རེ་གཞུང་ལམ་གྱི་འགྲམ་ངོགས་གཉིས་སུ་ཀྲོང་ངེར་འགྱིངས་པ། སྡེ་མི་རྣམས་གསར་དུ་ལས་པའི་ཐང་ཆེན་དུ་སྐོར་བྲོ་འཁྲབ་ཅིང་ཁ་བརྡ་བྱེད་པ་སོགས་ད་ལྟའི་དཀོན་ལོ་གོང་མ་སྡེ་བ་ནི་ཐོན་ལས་དར་ཞིང་གྲོང་གསེབ་མཛེས་པ། མང་ཚོགས་སྐྱིད་པའི་དེང་རབས་ཅན་གྱི་ཞིང་སྡེ་གསར་པ་ཞིག་ཏུ་འགྱུར་བཞིན་པའི་སྒང་རེད།

གཞི་གྲངས་ལ་བལྟས་ན། 2024ལོའི་ལོ་མཇུག་བར་དུ། དཀོན་ལོ་གོང་མ་སྡེ་བའི་དབུལ་ཐར་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར19817.5རུ་སླེབས་པ་དེ2021ལོ་དང་བསྡུར་ན58.3%འཕར་ཡོད། གནས་སྤོར་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར24574.8ཡིན་པ་དེ2021ལོ་དང་བསྡུར་ན40.2%འཕར་ཡོད། ལྟ་ཞིབ་ཚད་ལེན་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར25631.22ཡིན་པ་དེ2021ལོ་དང་བསྡུར་ན28.7%འཕར་ཡོད། འདི་དག་གི་རྒྱབ་ངོས་སུ་ཡིབ་པ་ནི“ཏང་འཛུགས་དྲག་པོ་དང་ཐོན་ལས་དར་རྒྱས། སྐྱེ་ཁམས་མཛེས་སྡུག སྡེ་དམངས་ཕྱུག་པོ”ཡི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་ལ། “སྐྱིད་སྣང་སྔར་བས་ཇེ་མཐོར་གཏོང་བའི”ཐོག་མའི་བསམ་འདུན་མངོན་འགྱུར་བྱས་པའང་ཡིན།

འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་ཡིན་པར་གཞིགས་ནས། དཀོན་ལོ་གོང་མ་སྡེ་བར་སྔ་གཞུག་ཏུ“རྒྱལ་ཡོངས་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་སྡེ་བ”དང“ཀྲུང་གོའི་མཛེས་སྡུག་སྤྲོ་གསེང་གི་གྲོང་གསེབ།”“རྒྱལ་ཡོངས་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ།”“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཐུན་མོང”སོགས་ཀྱི་མཚན་སྙན་ཐོབ།

“སྔོན་དཔག་བྱས་པ་ལྟར་ན། ཟླ7པའི་ཟླ་མགོར་སྦྲ་གུར་སྒར་ས་དངོས་སུ་ཚོང་གཉེར་བྱེད་མགོ་བརྩམ་རྒྱུ་ཡིན། ང་ཚོས་རང་ཡུལ་གྱི་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱས་ཏེ་གསར་བརྗེ་ཞིབ་སློབ་རྟེན་གཞི་བསྐྲུན་ནས། རིག་གནས་ཡུལ་སྐོར་དང་གསར་བརྗེ་ཞིབ་སློབ་གཉིས་གཅིག་ཏུ་འདྲེས་པའི་གྲོང་གསེབ་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན།”ཀྲང་མེང་གི་སེམས་སུ་རེ་སྒུག་གིས་ཁེངས་ནས། སྦྲ་གུར་སྒར་ས་ཚོང་གཉེར་བྱེད་མགོ་བརྩམས་ན། དཀོན་ལོ་གོང་མ་སྡེ་བའི་སྐྱེ་ཁམས་ཡུལ་སྐོར་སྐས་རིམ་གསར་པ་ཞིག་ཏུ་བསླེབ་ཐུབ་ལ། སྡེ་མི་རྣམས་ཀྱི་འཚོ་བར་གོ་སྐབས་དང་རེ་བ་སྔར་ལས་མང་པོ་བསྩལ་ཐུབ་ཟེར། །