གླུ་རྩེད་མགོ་རྩེད་དཔོན་ངག་ནས་བླངས། །རོགས་མཐུན་རབས་ཁྲོམ་ཆེན་དཀྱིལ་ནས་བཤད། །
发布时间:2025年07月30日 消息来源:


རྩོམ་སྒྲིག ཚེ་གཟུངས་སྐྱིད།   ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་གཟུངས་སྐྱིད།


8bcfe5282e9ed51011660e1f3c7455b0.jpg

རྐང་ཚའི་གླུ་བ་ཚེ་བརྟན་རྒྱལ།

འབྲོང་རུ་དམར་བྲེ་དམར་གཉིས་ཀ །
རྫ་གཅིག་གི་ནང་ལུང་ཡིན་དུས། ། 
འབྲོང་འུ་གཉིས་སྐྱིད་ཅིག་མེད་དྲ། །
སྐབས་དེ་དུས་སྐྱིད་ཀི་མ་འདོད། །
སྐྱིད་རྟག་བྱ་མེད་ནོ་མ་ཤེས། །
རྫ་བོའུ་ཆི་བསྐོར་རེ་བྲོས་ནས། །
ཕར་བུད་ནས་ཕྱིར་ལ་བལྟས་ན། །
མགོ་བེའུ་རྭ་ལྡེམ་མེ་སྐྱེས་སོ། །
རྫ་གན་ན་མ་ཆགས་འདོད་ན། །
ཨ་ཤུ་རེ་ཁོ་ཡང་འདོད་ཀི །
རྫ་བྱང་ལམ་ཁངས་ཀིས་བཅད་ན།  །
ཞེན་ཆགས་ས་མེད་ནོ་ཤེས་ཀི །
སྐྱིད་དབྱར་གསུམ་ཟླ་ངོ་གསུམ་པོར།  །
རྩྭ་འཇག་རིམ་སྐྱེས་རྒྱ་མཐོ་དུས།  །
དེའི་ཁམ་གང་མ་ཟས་འདོད་ན།  །
སེམས་དེ་ཕྱོགས་ས་ལ་ཆགས་ཀི །

རོགས་འདང་ཆེན་རྩིས་ཆེན་འུ་གཉིས། །
སྡེ་གཅིག་གི་ནང་ལུང་ཡིན་དུས།  །
རོགས་འུ་གཉིས་སྐྱིད་ཅིག་མེད་དྲ།  །
སྐབས་དེ་དུས་སྐྱིད་ཀི་མ་འདོད།  །
སྐྱིད་རྟག་བྱ་མེད་ནོ་མ་ཤེས།  །
ལས་སྔོན་གི་སྨོན་ལམ་མེད་ན།  །
ཕར་བུད་ནས་ཕྱིར་ལ་བལྟས་ན།  །
ལུས་ལྷུ་དྲུག་ལང་ཚོ་དར་སོ། །
སྡེ་གན་ན་མ་བྱིན་འདོད་ན།  །
ཨ་ཤུ་རེ་ཁོ་ཡང་འདོད་ཀི །
གླིང་མྱི་ཁ་བསྐོར་ནས་བྲོས་ན། །
ཞེ་ཆགས་ས་མེད་ནོ་ཤེས་ཀི །
ལོ་བཅོ་ལྔ་ཉི་ཤུ་ཡིན་དུས། །
ཞེ་རང་མཐུན་ན་ཟླའི་རོགས་ལ།  །
རྩེ་བགད་ནས་མ་སོང་འདོད་ན། །
སེམས་ཁྱོད་ཕྱོགས་ས་ལ་ཆགས་ཀི །


7f6c7a09b481654c58e9ff051f29fc5a.jpg

མཚོ་ལྷོའི་གླུ་མ་ལྕགས་མོ་རྒྱལ།

སྤང་ཁ་རུ་ཉུག་གི་འཁྱམ་པ་རེད། །
ང་དེང་མ་ན་ལོ་ཆུང་དུས་ན།  །
ང་གྱོ་རྒྱ་གོམ་ལག་བདེ་དུས་ན།  །
བོའུ་ཁྲ་རིང་སོ་བ་གཟུ་དུས་ན།  །
ཤྭ་མ་བསད་བསམ་པ་མེད་དྲ་ར། །
ལོ་དེང་སང་རྔོན་པ་རྒས་སོང་ཟིག །
རྟ་གྱོ་རྒྱའི་གོམ་ལག་འཆོལ་སོང་ཟིག །
བོའུ་ཁྲ་རིང་སོ་བ་རྙིང་སོང་ཟིག །
རྫ་ཁ་རུ་ཉུལ་ནོ་ལན་ཆགས་རེད། །
ཤྭ་ཨེ་སོད་བལྟས་ནོ་ཉེས་པ་རེད།  །
སྡུག་ལན་ཆགས་མི་འདག་འགྱོ་རྒྱུ་ཡིན།  །

སེམས་གཉོམ་ཆུང་ཕ་བཟང་ཞི་མོ་རེད།  །
ང་དེང་མ་ན་ལོ་ཆུང་དུས་ན།  །
སྐད་མིད་ཐག་ནང་ནས་ཁུག་དུས་ན། །
ཚིག་ཁ་ལྕེའི་བར་ནས་བདེ་དུས་ན། །
གླུ་མ་བླངས་བསམ་པ་མེད་དྲ་ར། །
ལོ་དེང་སང་གླུ་མ་རྒས་སོང་ཟིག །
སྐད་སྙན་ཆ་ཅན་གོ་ཤོར་སོང་ཟིག །
ཚིག་དོན་རྩ་ཅན་གོ་འཆོལ་སོང་ཟིག །
ས་སྡེ་རུ་ཉུལ་ནོ་ལན་ཆགས་རེད།  །
འགྲོགས་ཨེ་ཟིན་བལྟས་ནོ་ངོ་ཚ་རེད། །
སྡུག་ལན་ཆགས་མི་འདག་འགྱོ་རྒྱུ་ཡིན།  །

dabc441be6171408adcefd4458a630f8.jpg

གླུ་བ་སྒྲོལ་མ་ཚེ་རིང་། 

ཞེ་སྡུག་གི་ལོ་རབས་མི་བཤད། །
ཞེ་སྡུག་གི་ལོ་རབས་བཤད་ན།  །
ས་སྟག་ལུང་སྟག་མོ་རྫོང་དྲུག་ན།  །
སྟག་དར་མ་ཉིས་འགྲོ་སུམ་འགྲོ་རེད།  །
གཟིག་ཐིག་ལེ་ཅན་གོ་ཁེར་འགྱོ་ཡིན།  །
གཟིག་ཁེར་འགྱོ་ཡིན་ན་ཁས་ཡོད་ཀི །
རྒྱ་རྔོན་པའི་ལག་ན་བོའུ་ཡོད་ཀི །
ཤིང་དྲ་མའི་གསེང་ན་རྙི་ཡོད་ཀི །
སྲོག་སྐྱོབ་རྒྱུའི་ཟེར་ནི་གྲོགས་མེད་ཀི །
སྡུག་འདི་སོ་ཕར་ན་ཅང་མེད་ཀི །

ས་སྡེ་མང་སྡེ་རྐང་ཕྲ་མོ་ན། །
རོགས་འདང་ཆེན་ཉིས་འགྱོ་སུམ་འགྱོ་རེད། །
སེམས་གཉོམ་ཆུང་ཞི་ལི་ཁེར་འགྱོ་རེད། །
རོགས་ཁེར་འགྱོ་ཡིན་ནོ་ཁས་ཡོད་ཀི །
གླིང་མྱི་ཁ་བཙན་པོའི་བཀའ་ཡོད་ཀི །
རོགས་འདང་ཆེན་ཐུག་རྒྱོ་ཐབས་མེད་ཀི །
ཐབས་ཁོས་བཙལ་ཟེར་ནི་གྲོགས་མེད་ཀི །
སྡུག་འདི་སོ་ཕན་ན་ཅང་མེད་ཀི །

50d1a6ab1f9b4ff53650793ce0a3ac9e.jpg

གླུ་མ་བྱམས་མཚོ།

རྫ་རི་ཁྲི་མ་འབུམ་གི་ཁ་ལམ་ནས། །
རི་ཆུ་སྟོང་ར་བརྒྱད་གི་ནང་ཀློང་ནས། །
ཤྭ་ཤོམ་ཆེན་དུང་གི་རུ་ཐུར་ཅན། །
ཁྱོད་རྭ་ལྡེམ་མེར་རྫ་འདིར་ཐོན་དང་ན། །
ཤྭ་ཡུ་མོ་རིག་ན་ཉམས་དགའ་གི །
ཤེའུ་གྱོ་ཁྱ་རིག་ན་ཡིད་སྐྱོ་གི །
ངའི་ཡིད་རང་ང་སྐྱོ་ནི་ཆེ་ཡིན་ར། །
འུ་གཉིས་ཀ་ལས་སྔོན་གི་སྨོན་ལམ་བཅོལ་ནས། །
རྫ་གཅིག་གི་ནང་ནས་མ་སྐྱེས་ནོ། །
ངས་འདིའི་ཕྱོགས་ལ་འདང་ཟིག་བརྒྱབ་ན། །
ངའི་ཞེ་སྡུག་ནོ་རྫ་མགོའི་སྨུག་པ་རེད། །
སྨུག་འཐིབས་ནས་དེངས་དུས་ནམ་རེད་ཀོ །

སྡེ་རུ་ཁྲི་མ་འབུམ་གི་ཁ་གྲལ་ནས། །
རུ་སྡེ་སྟོང་ར་བརྒྱད་གི་ནང་ཀློང་ནས། །
རོགས་རྩེད་དཔོན་དུང་གི་སོ་སྒོ་ཅན། །
ཁྱོད་འཛུམ་དམུལ་ལེར་གྲོང་འདིར་ཐོན་དང་ན། །
ནང་རྩེད་པ་རིག་ན་ཉམས་དགའ་གི །
ང་རང་གེ་རིག་ན་ཡིད་སྐྱོ་གི །
ངའི་ཡིད་རང་ང་སྐྱོ་ནི་ཆེ་ཡིན་ར། །
འུ་གཉིས་ཀས་ལས་སྔོན་གི་སྨོན་ལམ་བཅོལ་ནས། །
སྡེ་གཅིག་གི་ནང་ནས་མ་སྐྱེས་ནོ། །
ངས་འདིའི་ཕྱོགས་ལ་འདང་ཟིག་བརྒྱབ་ན། །
ང་ཞེ་སྡུག་ནོ་སྐྱི་བསེར་རླུང་བུ་རེད། །
རླུང་གཡུག་ནས་དེངས་དུས་ནམ་རེད་ཀོ །

89128eac9582e902a98b55059dc2816b.jpg

གླུ་བ་སྨོན་ལམ་རྒྱ་མཚོ།

རྩེད་མགོ་མ་ལྷ་རིས་མགོ་གི་ལེན། །
ལྷ་གཡས་སྐོར་རྒྱག་ག་དགེ་བའི་དོན།   །

རྩེད་བར་མ་མཚོ་ལུང་མཐའ་གི་ལེན།  །
མཚོ་ཁྲི་བཤེགས་བརྒྱུད་ལ་རྨ་བྱའི་དོན།  །

རྩེད་གཞུག་མ་ཚོ་དྲུག་དྲུང་ནས་ལེན།  །
ཁ་ལ་ལ་ལེན་པ་རོགས་ཀི་དོན།  །

微信图片_2025-07-30_114145_480.png

གླུ་མ་ལྷ་ཐར་འཚོ། 

གཅིག་ཐུག་ཀ་རྫ་རིའི་ཀླད་ཀི་ཐུག །
རྫ་གཡས་རུ་བརྒྱུད་དྲ་ཡུན་ཀི་ཐུག །

གཉིས་ཐུག་ཀ་མཚོ་ལུང་མཐའ་ནས་ཐུག །
མཚོ་ཁྲི་བཤེགས་རྒྱས་ན་ཡུན་ཀི་ཐུག །

གསུམ་ཐུག་ཀ་སྡེ་ཆེན་གྲོང་ནས་ཐུག །
སྡེ་མྱི་ཁ་མེད་ན་ཡུན་ཀི་ཐུག །