རྐང་ཚ་རྫོང་གིས་ཕྱོགས་ཡོངས་ནས2025ལོའི་དབང་པོ་སྐྱོན་ཅན་གྱི་དཔང་རྟགས་ཡོད་པའི་གཞི་རྩའི་གནས་ཚུལ་བརྟག་དཔྱད་ལས་དོན་སྤེལ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ8པའི་ཚེས4ཉིན། རྐང་ཚ་རྫོང་གིས་ཕྱོགས་ཡོངས་ནས་དབང་པོ་སྐྱོན་ཅན་གྱི་དཔང་རྟགས་ཡོད་པའི་གཞི་རྩའི་གནས་ཚུལ་བརྟག་དཔྱད་ལས་དོན་སྤེལ། ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་ཐེངས་འདིའི་བརྟག་དཔྱད་ལས་དོན་སྒྲུབ་པ་དང་།མངའ་ཁུལ་གྱི་ཡུལ་ཚོ་དང་གྲོང་རྡལ5དང་། སྡེ་ཁུལ8། སྲིད་འཛིན་སྡེ་བ31བཅས་ཀྱི་དཔང་རྟགས་ཡོད་པའི་དབང་པོ་སྐྱོན་ཅན1370ལྷག་གི་ལས་ཞུགས་གནས་ཚུལ་དང་སྤྱི་ཚོགས་འགན་སྲུང་གནས་ཚུལ། གཞི་རྩའི་སྨན་བཅོས་དང་བདེ་ཐང་། གེགས་མེད་སྒྱུར་བཅོས་དང་རིག་གནས་ལུས་རྩལ་བཅས་ཐད་ཀྱི་ད་ལྟའི་གནས་ཚུལ་དང་དགོས་མཁོར་ཕྱོགས་ཡོངས་ནས་རྒྱུས་ལོན་དང་ཐོ་འགོད་བྱས་ཏེ། རྗེས་མར་གནད་ལ་འཁེལ་བའི་ཐབས་ཇུས་ལག་བསྟར་བྱ་རྒྱུ་ཡིན།
བརྟག་དཔྱད་བྱེད་པའི་གོ་རིམ་ཁྲོད་ལས་སྒྲུབ་མི་སྣས་མངའ་ཁུལ་གྱི་དབང་པོ་སྐྱོན་ཅན་གྱིས་ཆེས་ཆེར་སེམས་ཁུར་དང་དངོས་ཡོད་གནད་དོན་གཙིགས་སུ་བཟུང་སྟེ། དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་འདས་ཟིན་པའི་ལོ་ངོ་གཅིག་གི་སྨན་བཅོས་དང་བདེ་ཐང་།སྤྱི་ཚོགས་འགན་སྲུང་།ལས་ཞུགས་དང་འཚོ་བའི་དགོས་མཁོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཟབ་མོ་ལེན་པ་དང་།ཁྱིམ་དུ་བསྡད་མེད་པའི་དབང་པོ་སྐྱོན་ཅན་ལ་ཁ་པར་བརྒྱུད་ནས་འཚམས་འདྲི་ཞིབ་བཤེར་བྱས་པ་མ་ཟད། ཕྱོགས་མང་པོའི་ཐད་ཞིབ་བསྡུར་བྱས་པ་དང་ཆབས་ཅིག་ཏུ་ཁ་པར་བརྒྱུད་ནས་དབང་པོ་སྐྱོན་ཅན་གྱི་དགོས་མཁོའི་གནས་ཚུལ་གནད་དུ་འཁེལ་བའི་སྒོ་ནས་ཕབ་འཇུག་བྱས་པ་དང་། ད་དུང་དམིགས་བསལ་ཚོགས་པར་ཏང་དང་སྲིད་གཞུང་གིས་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་པའི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་བསྒྲགས་ཏེ།དབང་པོ་སྐྱོན་ཅན་ལ་ཏང་དང་རྒྱལ་ཁབ་ཀྱིས་སེམས་ཁུར་གཅེས་སྐྱོང་དང་དོ་སྣང་གང་ལེགས་བྱེད་བཞིན་པ་ཉམས་ལེན་བྱེད་དུ་བཅུག
2025ལོའི་དབང་པོ་སྐྱོན་ཅན་གྱི་དཔང་རྟགས་ཡོད་པའི་གཞི་རྩའི་གནས་ཚུལ་བརྟག་དཔྱད་བྱེད་སྐབས། རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་ཁྱིམ་ཚང60ལ་འཚམས་འདྲི་བྱས་ཏེ། འབྲས་དང་བཟའ་སྣུམ། བཀྲུ་བཤལ་ལེགས་སྐྱེས་སོགས་འཚམས་འདྲིའི་དངོས་རྫས་ཕུལ་བ་དང་། འཚམས་འདྲིའི་དངོས་རྫས་ཀྱི་སྤྱིའི་རིན་གོང་དམངས་སྒོར་ཁྲི1.2ཡིན།