ཀྲང་ཧྲིང་ཡོན་གྱིས་རྐང་ཚ་རྫོང་དུ་གཙོ་གནད་བྱ་བར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ8པའི་ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་རྐང་ཚ་རྫོང་དུ་བསྐྱོད་ནས་ལོ་ཧྲིལ་བོའི་དཔལ་འབྱོར་འཁོར་སྐྱོད་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་གཉེར་སྐྱོང་། "ལྔ་བཅོ་ལྔའི"འཆར་འགོད་སྒྲིག་བཟོ། གཙོ་གནད་ལས་གཞི་སྐུལ་སྤེལ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་རྩིས་བཤེར་གནད་དོན་སྣ་ཚོགས་བཅོས་སྒྲིག དེ་བཞིན་བདེ་འཇགས་ཐོན་སྐྱེད་སོགས་གཙོ་གནད་བྱ་བར་ཡུལ་དངོས་ནས་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བར་མ་ཟད། ཡུལ་དངོས་ནས་འབྲེལ་ཡོད་བྱ་བའི་སྙན་ཞུར་གསན་ནས་གོམ་སྟབས་རྗེས་མའི་བྱ་བར་བླང་བྱ་ཁ་གསལ་བཏོན།
ཚེ་ཐར་གཏེར་ཁ་དང་ཚེ་ཐར་གདོང་ལེན་གཏེར་ཁའི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་བྱ་ཡུལ་དུ་ཀྲང་ཧྲིང་ཡོན་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་གྱི་ཚུར་ལན་གནད་དོན་བཅོས་སྒྲིག་གི་འཕེལ་རིམ་ལ་ལྟ་ཞིབ་ཞིབ་ཕྲ་གནང་རྗེས་ནན་གྱིས་བསྟན་དོན། མིག་སྔར་བཅོས་སྐྱོང་བྱ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ་ཞིང་ཆེན་དང་ཐིན་གྱི་སྡེ་ཁག་མང་པོའི་ཁས་ལེན་ཡང་ཐོབ་ཡོད་པས་གོམ་སྟབས་རྗེས་མར་འགག་རྩའི་གནད་དོན་ལ་དམིགས་ནས་ས་རྡོའི་ཕྱོགས་ཀྱི་བཟོ་སྐྲུན་ཨར་ལས་ཀྱི་མྱུར་ཚད་མགྱོགས་སུ་བཏང་སྟེ་ལོ་འཁོར་གྱི་བཅོས་སྒྲིག་དམིགས་ཚད་སྔོན་ལ་ལེགས་གྲུབ་ཡོང་བར་བརྩོན་ལེན་བྱེད་དགོས། ཡིག་ཚགས་དང་དཔྱད་ཡིག་འཐུས་ཚང་དུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་གདོད་མའི་གཏེར་དོང་གི་བརྙན་པར་དང་ཨར་ལས་དང་དེ་བཞིན་ལྟ་སྐུལ་དོ་དམ་གྱི་ཟིན་ཐོ་སོགས་དཔྱད་ཡིག་ལེགས་སྒྲིག་ཞིབ་ཚགས་བྱས་ནས་བཅོས་སྒྲིག་གི་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་དང་ཞིབ་བཤེར་ཐུབ་པར་འགན་ལེན་བྱེད་དགོས། ཁེ་ལས་ཀྱི་དུས་མཇུག་གི་དོ་དམ་སྲུང་སྐྱོང་གི་འགན་འཁྲི་ཁ་གསལ་བཟོས་ཏེ་ཕྱུགས་ལམ་སྲུང་སྐྱོང་དང་ལྕགས་ར་བཀོད་སྒྲིག དེ་བཞིན་ཕྱུགས་བཀག་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་བཅོས་སྐྱོང་གི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་བཟུང་ནས་རྗེས་ཕྱོགས་ཀྱི་བཅོས་སྒྲིག་ལས་སྒྲུབ་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ཏེ་མི་སྣ་ཤི་རྨས་ཀྱི་ལས་འཛོལ་སྔོན་འགོག་དང་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཟེར།

རྐང་ཚ་རྫོང་གི་སྟོང་ཝ་ཁྲི120ཡི"ཁུངས་དྲ་ཐེག་གསོག"གཞི་གཅིག་ཅན་གྱི་ལས་གཞི་དང་ཀྲུང་གོ་ཉིང་རྡུལ་ནུས་པའི་ཆན་ཝ་ཁྲི་20ཡི་འོད་ཤུགས་ལས་གཞིའི་ཡུལ་དངོས་ནས་ཀྲང་ཧྲིང་ཡོན་གྱིས་ནུས་རྒྱུ་གསར་པའི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་གྱི་སྙན་ཞུ་གསན་རྗེས་ནན་གྱིས་བསྟན་དོན། ཨར་ལས་སྒྲིག་འཛུགས་ལ་ཤུགས་སྣོན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ཁུངས་ཀྱི་སྟོབས་ཤུགས་སྡེབ་སྒྲིག་བྱས་ཏེ་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ནུས་ཤུགས་ཡོད་རྒུས་ལས་གཞི་འཛུགས་སྐྲུན་གྱི་ལས་ཡུན་དམ་འཛིན་བྱས་ནས་དངོས་ཡོད་ཀྱི་བཟོ་སྐྲུན་གྲངས་དང་ནུས་ལྡན་གྱི་དངུལ་གཏོང་གྲངས་མྱུར་དུ་ཆགས་པར་བྱེད་དགོས། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་རང་འགུལ་ངང་མདུན་ཕྱོགས་སུ་ཞབས་འདེགས་ཞུ་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཞིར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འགག་གནད་དང་དཀའ་གནད་དུས་ཐོག་ཏུ་སེལ་བ་དང་ཐག་གཅོད་བྱས་ཏེ་ལས་གཞི་སྔ་ཙམ་ནས་བསྐྲུན་པ་དང་སྔ་ཙམ་ནས་ཐོན་སྐྱེད་བྱེད་མགོ་རྩོམ་པ། སྔ་ཙམ་ནས་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས་ཟེར།


རྐང་ཚ་རྫོང་གི་ཤེས་རིག་ཕྱུགས་ལས་གཞི་གྲངས་ཆེན་མོའི་ལས་སྟེགས་ལྟེ་གནས་སུ། ཀྲང་ཧྲིང་ཡོན་གྱིས་ལས་སྟེགས་འཛུགས་སྐྲུན་དང་བེད་སྤྱོད་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་ནན་གྱིས་བསྟན་དོན། ལས་སྟེགས་འཛུགས་སྐྲུན་ཐད་བེད་སྤྱོད་རྩ་བར་འཛིན་པ་དང་དངོས་ཕན་དོན་གཉེར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་འཛུགས་སྐྲུན་ལ་དམིགས་ནས་བོད་ལུག་དང་ནོར་གནག་ཐོན་ལས་ཀྱི་ཚད་གཞིའི་མ་ལག་མགྱོགས་མྱུར་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ"མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ"སོགས་ཁྱད་ལྡན་ཆས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་པ་དང་ཁྱབ་གདལ་དུ་བཏང་ནས་གཞི་གྲངས་ཆེན་མོའི་ལས་སྟེགས་ཀྱིས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་ཆས་རྟགས་ཀྱི་རིན་ཐང་མཐོ་རུ་གཏོང་རྒྱུར་དངོས་འབྲེལ་ཞབས་འདེགས་ཞུ་ཐུབ་པ་བྱས་ཏེ"འཛུགས་སྐྲུན་གྱི་ཆེད་དུ་འཛུགས་སྐྲུན"མི་བྱེད་པ་བྱེད་དགོས་ཟེར།

རྐང་ཚའི་བྱང་ངོས་ཀྱི་མཁར་གྲོང་ཆུ་ལོག་སྔོན་འགོག་གི་ཆུ་རྐའི་བཟོ་སྐྲུན་ལས་གཞིའི་ཡུལ་དངོས་ནས། ཀྲང་ཧྲིང་ཡོན་གྱིས་བཟོ་སྐྲུན་གྱི་མྱུར་ཚད་དང་སྤུས་ཚད་ལ་གཟིགས་ཞིབ་གནང་རྗེས་ནན་གྱིས་བསྟན་དོན། དོན་དངོས་ལ་གཞི་ཚུགས་རྒྱུ་རྒྱུན་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་ངང་ལས་གཞི་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས། ཨར་ལས་ཇུས་གཞི་ཇེ་ལེགས་སུ་གཏོང་བ་དང་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་ཚད་གཞི་མཐོ་བ་དང་བླང་བྱ་ནན་མོའི་སྒོ་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དངོས་པོའི་བཟོ་སྐྲུན་ཚད་གཞི་མགྱོགས་མྱུར་ཆགས་པ་བྱས་ནས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་མར་ཆག་པའི་རྣམ་པར་འགྱུར་ལྡོག་གཏོང་དགོས། ཨར་ལས་བྱ་ཡུལ་གྱི་བདེ་འཇགས་དོ་དམ་ལ་རྒྱུན་མཐུད་ཤུགས་བསྣན་ནས་བདེ་འཇགས་ཀྱི་དོན་རྐྱེན་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་ཟེར།

ཅང་ཧའེ་གཏེར་ལས་སུ། ཀྲང་ཧྲིང་ཡོན་གྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་འཁོར་སྐྱོད་དང་གཏེར་རི་བཅོས་སྒྲིག་བྱས་ཚུལ་ལ་བརྟག་ཞིབ་གནང་རྗེས་ནན་གྱིས་བསྟན་དོན། ཁེ་ལས་ཀྱིས་གོ་རིམ་དང་སྒྲིག་སྲོལ་ལྟར་ཐོན་སྐྱེད་གཉེར་སྐྱོང་བྱེད་པ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་རྒྱུར་ལེགས་སྐྱེས་མང་ཙམ་ཧུར་ཐག་འབུལ་བ་དང་ཆབས་ཅིག་ངེས་པར་དུ་གཏེར་རིའི་ཁོར་ཡུག་བཅོས་སྒྲིག་དང་། ལྷག་པར་དུ་རྩྭ་འདེབས་ལྗང་སྒྱུར་དུས་མཇུག་གི་དོ་དམ་སྲུང་སྐྱོབ་བྱ་བར་རྒྱུན་མཐུད་ངང་ཤུགས་བསྣན་ནས་བཅོས་སྒྲིག་གི་དམིགས་ཚད་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བའི་འགན་ལེན་བྱས་ཏེ། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་དགོས་ཟེར།

བརྟག་ཞིབ་མཇུག་ཏུ། ཀྲང་ཧྲིང་ཡོན་གྱིས་རྐང་ཚ་རྫོང་གི་གཙོ་གནད་བྱ་བའི་ཐད་བླང་བྱ་བཏོན་ནས་ནན་གྱིས་བསྟན་དོན། རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། དངོས་སྒྲུབ་འགན་འཁུར་གྱི་སྤྱོད་ཚུལ་བཟང་པོར་བརྟེན་ནས་ལས་འགན་སོ་སོ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་ལ་དམིགས་ནས། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་དང་བཟོ་ལས་ཀྱི་འཕར་ཐང་། ནོར་སྲིད་འགྲོ་གྲོན་དང་ཡོང་སྒོ། རོང་འབྲོག་པའི་ཡོང་འབབ་སོགས་འགག་རྩའི་དམིགས་ཚད་འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་གནད་ལ་འཁེལ་བར་ལག་བསྟར་བྱས་ཏེ་ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་སོ་སོ་ཡོངས་སུ་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། རྫོང་ཁོངས་ཀྱི་དོན་དངོས་ལ་གཞི་ཚུགས་གང་ཐུབ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས"ལྔ་བཅོ་ལྔའི"འཆར་འགོད་བཟོ་བ་དང"ལྔ་བཅོ་ལྔའི"འཕེལ་རྒྱས་ཀྱི་ངེས་གནས་དང་བསམ་གཞིགས། དམིགས་ཚད་བཅས་ཀྱི་རྒྱང་ལྟའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ཞིབ་འཇུག་ལ་ཤུགས་བསྣན་ཏེ། འཆར་འགོད་གནད་ལ་འཁེལ་བ་དང་བསམ་ཕྱོགས་ཁ་གསལ་ཡོང་བའི་འགན་ལེན་བྱེད་དགོས་པར་མ་ཟད། ལས་གཞི་ཇུས་འགོད་ཏན་ཏིག་ལ་བརྟེན་ནས་འཆར་འགོད་དོན་འཁྱོལ་བྱེད་རྒྱུར་འདེགས་སྐྱོར་བྱེད་དགོས། ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མིག་སྔར་བཟོ་ལས་འཁོར་སྐྱོད་ཡག་པོ་བྱུང་བའི་རྨང་གཞིའི་ཐོག་ལས་མགོ་རྩོམ་རྒྱུ་འགོར་བ་དང་སྐུལ་འདེད་གཏོང་རྒྱུ་འགོར་བའི་གཙོ་གནད་ལས་གཞི་ལ་དམིགས་ཏེ་འགག་མདོའི་ཚོད་འཛིན་ནུས་ཤུགས་ཡོད་རྒུས་སེལ་བ་དང་། འཛུགས་སྐྲུན་དང་སྐུལ་འདེད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་རྗེས་མཐུད་ལས་གཞིའི་འདེགས་སྐྱོར་བྱེད་ཤུགས་ཞན་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་འགན་ལེན་བྱེད་དགོས། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པའི་ཐོག་ནས་་རིགས་སོ་སོའི་སྐོར་གཟིགས་དང་རྩིས་བཤེར། ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་བཅས་ཀྱི་ཚུར་ལན་གནད་དོན་དག་ཐེར་བྱ་བར་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ཏེ་གནད་དོན་ཚང་མ་དག་ཐེར་གནད་ལ་འཁེལ་བ་དང་མཐིལ་རྟོགས་གཙང་སེལ་ཐུབ་པའི་འགན་ལེན་བྱེད་དགོས་ཟེར།