རྐང་ཚ་རྫོང་གིས“གསེར་མདོག་གི་སྟོན་ཁར་སྐྱེ་ཁམས་དང་ལྷན་དུ་བསྡོངས”ཞེས་པའི་བྱེད་སྒོ་དངོས་སུ་སྤེལ་མགོ་ཚུགས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ9པའི་ཚེས19ཉིན།རྐང་ཚ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུར་མཉམ་སྦྲེལ་བྱས་ནས་དཔལ་དགེ་དགོ་དམར་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་གསོའི་རྟེན་གཞི་རུ“གསེར་མདོག་གི་སྟོན་ཁར་སྐྱེ་ཁམས་དང་ལྷན་དུ་བསྡོངས”ཞེས་པའི་བརྗོད་དོན་དགོ་དམར་ལ་གཟིགས་པའི་བྱེད་སྒོ་དངོས་སུ་སྤེལ་ཏེ། སྐྱེ་ཁམས་ལ་རོལ་མྱོང་བྱེད་པར་བརྟེན་ནས་རྐང་ཚའི་སྟོན་དུས་མཛེས་ལྗོངས་ཀྱི་སྒོ་གླེགས་ཡངས་པར་ཕྱེ།
བྱེད་སྒོ་སྤེལ་བའི་ཉིན་མོར་དཔལ་དགེ་དགོ་དམར་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་གསོའི་རྟེན་གཞིར་གསེར་མདོག་གི་རྩྭ་ཐང་དུ་དགོ་དམར་བག་ཡངས་སུ་རྒྱུ་བཞིན་འདུག དེར་ཞུགས་པའི་ཡུལ་སྐོར་བས་སྣེ་ཤན་པ་དང་མཉམ་དུ་རྒྱང་རིང་ནས་དགོ་དམར་གྱི་འཚོ་བའི་གོམས་གཤིས་ལ་ལྟ་ཞིབ་དང་།དངོས་རིགས་སྲུང་སྐྱོབ་ཀྱི་གཏམ་རྒྱུད་ལ་ལེགས་པར་ཉན་ནས། ཉམས་ལེན་ཁྲོད་མཐོ་སྒང་གི་རྩ་ཆེའི་སྲོག་ཆགས་དང་སྟོན་དུས་གྱི་རྩྭ་ཐང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ཚོར་བས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་སྟོན་དུས་དང་བསྡོངས་ནས་མི་སེམས་ཀྱི་ཟབ་སར་ཟུག
དེ་དང་ཆབས་ཅིག་ཁེ་རམ་ཐང་ལྗོངས་ཁུལ་དང་ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་གཉིས་སུ་དུས་མཉམ་དུ་སྟོན་དུས་མཚོ་མོར་གཟིགས་པའི་གསོལ་སྟོན་གཟབ་རྒྱས་སྤེལ།སྟོན་དུས་སུ་མཚོ་སྔོན་པོའི་འོད་མདངས་འཚེར་བའི་ཟེར་མ་འཕྲོ་བཞིན་ཡོད་ལ། ཆུ་བྱ་དག་མཚོ་ངོས་དང་མཚོ་འགྲམ་གྱི་མཛེས་སྡུག་ལྡན་པའི་སྟོན་དུས་ཀྱི་མཛེས་ལྗོངས་དང་ལྷན་དུ་གང་དགར་རྒྱུ་བའི་མཛེས་སྡུག་གི་རི་མོ་ཞིག་ལྷུན་གྱིས་གྲུབ་ཡོད། ཡུལ་སྐོར་བ་ཚོས་མཚོ་མོའི་འགྲམ་རྒྱུད་དུ་འཆམ་འཆམ་བྱེད་པའམ་ཡང་ན་ཡུལ་ལྗོངས་ལ་གཟིགས་ནས་བསིལ་རླུང་དང་མཚོ་མོའི་འོད་མདངས་ཁྲོད་གསེར་མདོག་གི་སྟོན་ཁའི་སྐྱེ་ཁམས་ཀྱི་ཐུན་མིན་དབྱངས་རྟར་ཡོངས་སུ་སིམ་ཡོད།
ཐེངས་འདིའི་དགོ་དམར་ལ་ཉམས་ཞིབ་དང་མཚོ་མོར་གཟིགས་པའི་མཉམ་སྒྲུབ་བྱེད་སྒོས་ཡུལ་སྐོར་བ་རྣམས་རང་བྱུང་ཁམས་ལ་སྙིང་ཉེ་བ་དང་སྐྱེ་ཁམས་ཤེས་ཚོར་བྱེད་པའི་ལས་སྟེགས་བསྐྲུན་པ་མ་ཟད། “སྐྱེ་ཁམས་དང་རིག་གནས་ཡུལ་སྐོར”གྱི་རྣམ་པའི་རྐང་ཚ་རྫོང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྐྱེ་ཁམས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་མངོན་པ་དང་།སྟོན་དུས་ཀྱི་རྐང་ཚ་ནི་སྐྱེ་ཁམས་མཛེས་སྡུག་དང་མི་ཆོས་རིག་གནས་གཉིས་འཛོམས་ཀྱི་ཡུལ་སྐོར་དམིགས་གནས་ཤིག་ཏུ་གྱུར་ཡོད། རྗེས་མར་རྐང་ཚ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས“གསེར་མདོག་གི་སྟོན་ཁར་སྐྱེ་ཁམས་དང་ལྷན་དུ་བསྡོངས”ཞེས་པའི་བྱེད་སྒོ་དམ་པོར་བཟུང་སྟེ། རྐང་ཚའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་དང་རིག་གནས་ཐོན་ཁུངས་སྔོག་འདོན་བགྱིས་ཏེ། སྟོན་དུས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་སྔར་ལས་མང་པོ་གསར་སྤེལ་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕན་ཚུན་ནུས་འདོན་ལེགས་པོ་མངོན་འགྱུར་བྱ་རྒྱུ།

