ཀྲང་ཆི་ཧྥེང་གིས་ཉེ་ཆར་གཙོ་གནད་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཀྲང་ཆི་ཧྥེང་གིས“དུས་ཆེན་གཉིས”སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རྣམ་གྲངས་ཀྱི་མྱུར་ཚད། སྐྱེ་ཁམས་སླར་གསོ། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་གནང་བ་དང་། རྫོང་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ། འཕེལ་རྒྱས་བསྒྱུར་བཅོས་དང་བཟོ་ལས་ཆ་འཕྲིན་ཅུའུ། སྡོམ་རྩིས་ཅུའུ། འཕྲལ་བསྟུན་དོ་དམ་ཅུའུ། རང་བྱུང་ཐོན་ཁུངས་ཅུའུ། ཚེ་ཐར་དོ་དམ་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དག་ཞུགས་ཡོད།
རྫོང་འོམ་ཆུ་གྲོང་རྡལ་མཁར་བྱང་ཁུལ་གྱི་ཆུ་འདོན་བཟོ་སྐྲུན་སོགས་རྣམ་གྲངས་ཀྱི་ཡུལ་དངོས་སུ་ཀྲང་ཆི་ཧྥེང་གིས་བྱ་བའི་མྱུར་ཚད་ཀྱི་སྐོར་ལ་འདྲི་རྩད་ཞིབ་ཕྲ་བྱས་པ་དང་། ཡུལ་དངོས་སུ་རྣམ་གྲངས་མྱུར་ཚད་ཁྲོད་ཀྱི་དཀའ་ངལ་མཐུན་སྦྱོར་ཐག་གཅོད་བྱས། བཟོ་སྐྲུན་སྤུས་ཚད་དང་ཨར་ལས་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཨར་ལས་ལ་ཤུགས་སྣོན་དང་བཟོ་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། དམངས་ཕན་བཟོ་སྐྲུན་སྔ་མོ་ནས་ལེགས་འགྲུབ་བེད་སྤྱོད་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་ཁྱབ་གདལ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཚེ་ཐར་གཏེར་ཁོངས་དང་ཚེ་ཐར་གདོང་ལེན་གཏེར་ཁོངས་ཡུལ་དངོས་སུ་དོང1པོའི་བཅོས་སྐྱོང་མྱུར་ཚད་ལ་ལྟ་ཞིབ་བྱས་པ་དང་། གཏེར་ཁོངས་གཞན་དག་བཅོས་སྐྱོང་སླར་གསོ་བྱས་ཚུལ་ལ་རེ་རེ་བཞིན་ལྟ་ཞིབ་བྱས་པར་མ་ཟད། ཡུལ་དངོས་སུ་བཞུགས་མོལ་ཚོགས་འདུ་འཚོགས་ནས་ནན་གྱིས་བསྟན་དོན། ལས་དོན་ཆེད་སྒྲུབ་ཚོ་ཆུང་དང་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་རྣམས་ཀྱིས་རང་རང་སོ་སོའི་བྱ་བའི་འགན་འཁྲི་བསྡུར་ནས་ཨར་ལས་རེའུ་མིག་བཟོ་བ་དང་། པར་རིས་བཀྲལ་ནས་ལས་སྒྲུབ་དང་ལས་དོན་ལ་དུས་བཅད་གསལ་བོ་བྱས་ཏེ་བཅོས་སྐྱོང་ལས་འགན་དུས་ལྟར་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་མཚམས་དམ་དུ་སྲུང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལམ་ལུགས་སོ་སོ་དོན་འཁྱོལ་བྱེད་པ་དང་མཐའ་གཅིག་ཏུ་བདེ་འཇགས་བརྟན་སྲུང་བྱ་དགོས། ལྕགས་དྲ་འཐེན་པ་དང་རྒྱུན་གཏན་གྱི་སྐོར་སྲུང་ཕྱུགས་རིགས་བཀག་འགོག་སོགས་ཀྱི་ལས་དོན་ལེགས་པོར་བསྒྲུབས་ནས་བཅོས་སྐྱོང་གི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས། གདོད་མའི་གཏེར་དོང་གི་སྣང་བརྙན་དང་ཨར་ལས། ལྟ་སྐུལ་དོ་དམ་གྱི་ཟིན་ཐོ་སོགས་དཔྱད་གཞི་ཞིབ་ཚགས་ལེགས་སྒྲིག་བྱས་ནས་བཅོས་སྒྲིག་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་དང་ཞིབ་བཤེར་འགན་ལེན་བྱེད་དགོས། ཁེ་ལས་ཀྱི་ལས་བཟོ་བར་དུས་ཆེན་སྐབས་སུ་ཐུགས་ཁུར་བྱེད་པར་ཤུགས་སྣོན་པ་དང་། སྣ་མང་ཅན་གྱི་སྒོ་ནས་ཁེ་ལས་ཀྱི་དྲོད་ཁོལ་སྦྱིན་དེ་ལས་བཟོ་པར་གཏོགས་སེམས་ཀྱི་ཚོར་སྣང་ཆེ་རུ་བཏང་སྟེ་ཁེ་ལས་འཕེལ་རྒྱས་ཀྱི་ནུས་ཤུགས་གཅིག་སྒྲིལ་བཅས་བྱ་དགོས། འཕེལ་རྒྱས་བསྒྱུར་བཅོས་བཟོ་ལས་ཆ་འཕྲིན་དང་། སྡོམ་རྩིས་སྡེ་ཁག་གིས་ཁེ་ལས་ལ་ཞབས་འདེགས་ཞུ་བའི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་སྟེ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའི་སྡོམ་རྩིས་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་སྒྲུབ་བྱ་དགོས། འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་ཞིང་ཆེན་དང་ཁུལ་གྱི་ལས་རིགས་སྡེ་ཁག་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་ཧེ་རྡེག་གཏེར་ཁོངས་ལས་ཀ་སླར་གསོ་སྔོན་གྱི་བྱུར་རྐྱེན་བཅོས་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ལས་དོན་ཆེད་སྒྲུབ་ཚོ་ཆུང་གི་འགན་འཁུར་བློ་མཐུན་གྱིས་གུང་གསེང་སྐབས་སུ་ལས་རེས་འགན་སྲུང་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་གུང་གསེང་སྐབས་སུ་ལས་མཚམས་མི་འཇོག་པ་དང་བཅོས་སྐྱོང་བྱེད་མཚམས་མི་འཇོག་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་དགོས།
དེ་དང་ཆབས་ཅིག་ཏུ“དག་གཙང་རྐང་ཚའི”ཁོར་ཡུག་འཕྲོད་བསྟེན་གཅིག་བསྡུས་བཅོས་སྒྲིག་ཏུ་ཞུགས་པ་དང་འགན་བགོས་ས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་གཅིག་བསྡུས་བཅོས་སྒྲིག་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས་པར་མ་ཟད། ཏང་ཡོན་ལས་བྱེད་པ་དང་ལྷན་དུ་ཞིང་ཆེན་གཞུང་ལམS209རྒྱུད་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱས་ཏེ་བགྲོད་ལམ་ཕྱོགས་གཉིས་ཀྱི་འཚོ་བའི་གད་སྙིགས་དང་བེད་མེད་དངོས་པོ་སོགས་ཕྱོགས་ཡོངས་ནས་གཙང་བཤེར་བྱས་པ་དང་། ཤེས་རྟོགས་བྱུང་བའི་གནད་དོན་ཐད་ཞིབ་ཕྲའི་བཅོས་སྒྲིག་བྱེད་དགོས་པའི་བླང་བྱའང་བཏོན།