ལི་ཝུན་ལིན་དང་ཀྲང་ཆི་ཧྥེང་པེ་ཅིན་དུ་བཅའ་སྡོད་བྱས་པའི་མཚོ་བྱང་ཁུལ་གྱི་འབྲེལ་གཏུག་ཁྲུའུ་རུ་ལས་དོན་སྦྲེལ་མཐུད་དུ་བསྐྱོད།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
2025ལོའི་ཟླ11པའི་ཚེས17ཉིན།རྫོང་ཨུའི་ཧྲུའུ་ཅི་ལི་ཝུན་ལིན་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཀྲང་ཆི་ཧྥེང་པེ་ཅིན་དུ་བཅའ་སྡོད་བྱས་པའི་མཚོ་བྱང་ཁུལ་གྱི་འབྲེལ་གཏུག་ཁྲུའུ་རུ་བསྐྱོད་དེ་པེ་ཅིན་དུ་བཅའ་སྡོད་བྱེད་པའི་གཙོ་གནད་ལས་འགན་ལ་དམིགས་ནས་འབྲེལ་གཏུག་ཁྲུའུ་ཡི་ལས་དོན་མི་སྣ་དང་འབྲེལ་གཏུག་སྤེལ་རེས་གཏིང་ཟབ་བྱས་པ་དང་།འབྲེལ་གཏུག་ཁྲུའུ་ཡི་དུས་རྒྱུན་ལས་དོན་སྤེལ་བ་དང་ཕྱི་ཕྱོགས་མཐུན་སྦྱོར་འབྲེལ་གཏུག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

པེ་ཅིན་དུ་བཅའ་སྡོད་བྱས་པའི་མཚོ་བྱང་ཁུལ་གྱི་འབྲེལ་གཏུག་ཁྲུའུ་ཡི་ལས་དོན་མི་སྣས་ཉེ་བའི་ལོ་ཤས་རིང་འབྲེལ་གཏུག་ཁྲུའུ་ཡིས་ཐོན་ཁུངས་སྦྲེལ་མཐུད་དང་སྤུས་རྟགས་ཁྱབ་གདལ་སོགས་ཐད་ཀྱི་གྲུབ་འབྲས་སྤེལ་རེས་བྱས་པ་དང་། གཙོ་བོ“བྱང་ཡིག་ཨང”གྲགས་ཅན་སྤུས་ལེགས་ཐོན་རྫས་ཀྱིས་རྒྱལ་སའི་ཁྲོམ་རར་བཀྲམ་པ་དང་། གསར་བརྗེའི་ཐོན་ཁུངས་ལ་ཞིབ་འཇུག་སློབ་སྦྱོང་བྱེད་པར་སྦྲེལ་མཐུད་བྱེད་པ། ཁུལ་དང་རྫོང་གི་ཚོང་འགུག་ནང་འདྲེན་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཁྱབ་ཁོངས་སུ་གྲུབ་འབྲས་ཚད་ལས་བརྒལ་བ་ཐོབ་པ་དང་། ལྷག་པར་དུ་རྐང་ཚ་རྫོང་གི་བོད་ལུག་དང་ནོར་གནག་སོགས་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཕྱིར་ཚོང་སྦྲེལ་མཐུད་ཐད་གྲུབ་འབྲས་གཡུར་དུ་ལེན་པར་གཞོགས་འདེགས་བྱས་ཚུལ་ངོ་སྤྲོད་བྱས།

ལི་ཝུན་ལིན་དང་ཀྲང་ཆི་ཧྥེང་གིས་འབྲེལ་གཏུག་ཁྲུའུ་ཡིས་དུས་ཡུན་རིང་པོར་རྐང་ཚ་རྫོང་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། འབྲེལ་གཏུག་ཁྲུའུ་ཡིས“བགྲོད་ཟམ་དང་། སྦྲེལ་ཐག ཞབས་ཞུ”བཅས་ཀྱི་འགན་ནུས་གཞིར་བཟུང་སྟེ། རྐང་ཚ་རྫོང་གིས་རྒྱལ་སར་སྤུས་ལེགས་ཐོན་ཁུངས་འབྲེལ་མཐུད་ཀྱི་སྟེགས་བུ་གལ་ཆེན་བསྐྲུན་ནས་སྔར་ལས་མང་པའི་མི་ལ“མདོ་ལ་རི་བོའི་འདབས་ཀྱི་ཕྱུགས་ར་བཟང་པོ”དང“གཡུ་ཡི་རྦ་རླབས་འཕྱོ་བའི་མཚོ་སྔོན་པོའི”སྐྱེ་ཁམས་ཀྱི་དགེ་མཚན་དང་ཐོན་ལས་ཁྱད་ཆོས་ལ་ཤེས་རྟོགས་བསྐྱེད་དགོས།
ཐེངས་འདིའི་འབྲེལ་མཐུད་སྤེལ་རེས་ལས་བྱ་བའི་ཁ་ཕྱོགས་སྔར་བས་གསལ་བ་དང་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་གྱུར་བྱུང་ཡོད།རྗེས་མར་རྐང་ཚ་རྫོང་གིས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བརྩིས་ནས་པེ་ཅིན་དུ་བཅའ་སྡོད་བྱས་པའི་མཚོ་བྱང་ཁུལ་གྱི་འབྲེལ་གཏུག་ཁྲུའུ་དང་ལས་དོན་འབྲེལ་མཐུད་བྱེད་པར་ཤུགས་བསྣན་ནས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་སོ་སོ་དོན་འཁྱོལ་བྱས་ཏེ། ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ནས་རྒྱལ་སའི་ལས་སྟེགས་ཀྱི་དགེ་མཚན་ལ་བརྟེན་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཚད་མཐོའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་ཡིན།