རྐང་ཚ་རྫོང་གིས་ཕྱི་ཕྱོགས་ཉོ་འཚོང་གི“ཐོད་བརྒལ་གསར་བའི”སྒོ་མོ་ཡངས་པར་ཕྱེས་ཏེ་མཐོ་སྒང་ནོར་ཁུལ་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་བསྐྱོད་བྱས།
གཙོ་སྒྲིག་པ། རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ།
ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
2025ལོའི་ཟླ11པའི་ཚེས28ཉིན། རྐང་ཚ་རྫོངiYakནོར་ཁུལ་གསར་སྤེལ་ཕྱིར་འཚོང་ཀུང་ཟིའི་རིན་གོང་ཨ་སྒོར1440སྟེ་དམངས་སྒོར་ལ་ཕབ་རྩིས་བྱས་ན10223གྱི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ནོར་ཁུལ་སྐེ་དཀྲིས་ཐོན་རྫས་སྐོར་ཞིག་རྒྱལ་འགག་ཞིབ་བཤེར་དོ་དམ་གྱི་གོ་རིམ་བརྒྱུད་རྗེས་བྷེལ་ཇམ་དུ་བདེ་བླག་ངང་བསླེབས་པ་དང་། ཐོད་བརྒལ་རང་བཞིན་གྱི་བྱེད་ཐབས་འདིས་རྐང་ཚ་རྫོང་གི་ཕྱི་ཕྱོགས་ཉོ་འཚོང་གི“ཐོད་བརྒལ་མཆོངས་བསྐྱོད”ཀྱི་སྒོ་མོ་ཕྱེས་པ་མ་ཟད། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁྱད་ལྡན་ཐོན་རྫས་འཛམ་གླིང་གི་ཚོང་རའི་སྟེགས་བུར་བསྐྱོད་ཅིང་། རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་ཕྱིར་གཏོང་ཁ་ཕྱོགས་ཅན་གྱི་འཕེལ་རྒྱས་ལ་རླབས་ཆེན་གྱི་ལེའུ་ཞིག་བྲིས་ཡོད།


རྐང་ཚ་རྫོང་གི་ཉོ་འཚོང་ཐོབ་ཐང་ཡོད་པའི་ཁེ་ལས་ཞིག་ལ་མཚོན་ན། iYakནོར་ཁུལ་གསར་སྤེལ་ཕྱིར་འཚོང་ཚད་ཡོད་ཀུང་ཟིས་ལོ་ངོ་བཅུ་ལྷག་གི་རིང་ལ་ལས་རིགས་འདིར་གཞོལ་ཞིང་། ཐོག་མཐའ་བར་གསུམ་དུ་མཐོ་སྒང་གི་སྤུས་ལེགས་ཐོན་ཁུངས་རྨང་གཞི་བྱས་ཏེ། མཚོ་སྔོན་པོའི་མཐའ་འཁོར་གྱི་རང་བྱུང་རྩྭ་ཐང་ནས་ཐོན་པའི་ནོར་ཁུལ་མ་རྒྱུ་བྱས་པའི་ཐོན་རྫས་དྲོད་འཇམ་ར་ཁུལ་སོགས་སྤུ་རིགས་གཞན་ལས་ལྡབ་འགྱུར་གྱིས་ལེགས་པ་མ་ཟད། འཇམ་ཞིང་གྱོན་བདེ་བ་དང་། གཟུགས་པོར་འཕྲོད་པ་སོགས་ཀྱི་ཁྱད་ཆོས་ལྡན་པས། འདི་ལ་མཐོ་སྒང་གི་རིན་བྲལ་གསེར་ནག་ཅེས་པའི་མཚན་སྙན་ཐོབ་ཡོད། ཁེ་ལས་ཐོག་མར་ནོར་ཁུལ་ཕྱིར་འཚོང་བྱས་པ་ནས་མགོ་ཚུགས་ཏེ། རིམ་བཞིན་རང་རྐྱ་ཐུབ་པའི་ཞིབ་འཇུག་གསར་སྤེལ་ལས་སྣོན་བྱས་ནས། གྱོན་ཆས་དང་རྒྱན་ཆ་སོགས་ཀྱི་རིགས་སྣ་ཚོགས་འདུས་པའི་ཐོན་རྫས་མ་ལག་ཅིག་བཙུགས་ཡོད་པས་རང་ས་གནས་ཀྱི་རོང་འབྲོག་ཁྱིམ་ཚང་བཅུ་ཐམ་པར་སྣེ་ཁྲིད་དེ་ལས་ཞུགས་དང་ཡོང་འབབ་འཕར་བ་མངོན་འགྱུར་བྱས་ཏེ། རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་སྤུས་འདེགས་རིམ་འཕར་སྲོག་ཤིང་དུ་གྱུར་ཡོད།
ཐེངས་འདིའི་ཕྱི་ཕྱོགས་ཉོ་འཚོང་གི་གྲུབ་འབྲས་ཀྱི་རྒྱབ་ཏུ་ཁེ་ལས་སྤུས་ཚད་ཀྱི་ཚད་གཞི་མཐའ་གཅིག་ཏུ་བརྩི་སྲུང་བྱས་པ་དང་། སྲིད་གཞུང་དང་ཁེ་ལས་ཀྱི་མཉམ་སྒྲུབ་མཉམ་འབད་ཀྱི་བྱས་རྗེས་མངོན་ཡོད། ཉེ་བའི་ལོ་ཤས་རིང་ལ། རྐང་ཚ་རྫོང་གིས་མཚོ་སྔོན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དམིགས་ཚད་ལ་དམ་པོར་གཞིགས་ནས། རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཁེ་ལས་ལ་འབྲེལ་གཏུག་བྱེད་པའི་སྒྲིག་སྲོལ་གནད་ལ་འཁེལ་བའི་སྒོ་ནས་ཕན་ལག་བསྟར་བྱས་ཏེ། ཞིང་ཆེན་དང་ཁུལ། རྗོང་གི་ཚོང་དོན་དང་རྒྱལ་འགག་སོགས་ཀྱི་སྡེ་ཁག་གིས“སྲིད་ཇུས་སྒོ་ཁར་བསྐྱོད་པ”དང་། ཁེ་ལས་ལ་ལས་རིམ་འདོན་སྤྲོད་དང་རྒྱལ་སྤྱིའི་ལག་ཁྱེར་ལས་སྒྲུབ། སྤུས་ཚད་ཚོད་འཛིན་སོགས་ཀྱི་གོ་རིམ་ཡོངས་སུ“གཅིག་གཏད་གཅིག”གི་མཛུབ་སྟོན་བྱས་པ་མ་ཟད། ཁེ་ལས་ལ་སྣེ་ཁྲིད་དེ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བརྟེན་ནས། ཁེ་ལས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ཀྱི་ཟམ་པ་བདེ་བླག་ངང་བསྐྲུན་ཏེ། མཐོ་སྒང་གི་སྐྱེ་ཁམས་ཐོན་རྫས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དེ་རྒྱལ་སྤྱིའི་ཁྲོམ་རས་ངོས་འཛིན་ཐུབ་པ་བྱས་ཡོད།
མཚོ་སྔོན་པོ་བྱང་རྒྱུད་ནས་ཡོ་རོབ་གླིང་ཆེན་བར་དུ། རྐང་ཚའི་ནོར་ཁུལ་ཐོན་རྫས་ཕྱིར་གཏོང་གི་ལམ་བུ་ནི་མཚོ་སྔོན་གྱི་རྫོང་རིམ་པའི་ཁྱད་ལྡན་ཐོན་ལས་རྣམས"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ནང་འདྲེས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན། "ཐོད་བརྒལ་གསར་བ"འདིས་རྐང་ཚ་རྫོང་གི་ཕྱི་ཕྱོགས་ཉོ་འཚོང་གི་སྟོང་ཆ་བསྐངས་པ་མ་ཟད། ས་ཁོངས་ཀྱི་སྤྱི་པའི་ཟོང་རྟགས“རྐང་ཚའི་མཚོ་སྔོན་པོ་ནོར་གནག”གི་ཤུགས་རྐྱེན་ཡང་ཆེ་རུ་བཏང་ཡོད། མ་འོངས་པར་རྐང་ཚ་རྫོང་གིས་མུ་མཐུད་དུ་སྲིད་ཇུས་ཀྱི་རོགས་སྐྱོར་སྔར་ལས་ཤུགས་བསྣན་ཏེ་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། ཁེ་ལས་ཀྱིས་ཐོན་རྫས་གསར་སྤེལ་དང་ཟོང་རྟགས་གསར་བསྐྲུན།ཁྲོམ་ར་རྒྱ་བསྐྱེད་སོགས་ཀྱི་ཐད་སྤུས་ཚད་སྔར་ལས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བྱེད་རྒྱུ། དེ་དང་ཆབས་ཅིག་ཏུ་ས་གནས་ཀྱི་ཁེ་ལས་མང་པོ་ཕྱི་ཕྱོགས་ཉོ་འཚོང་གི་ལས་སྒོར་ཞུགས་པར་ཁྲིད་སྟོན་བྱས་ཏེ། མཐོ་སྒང་གི་སྤུས་ལེགས་ཐོན་རྫས་མང་པོ་མཚོ་སྔོན་ནས་འཛམ་གླིང་དུ་བསྐྱོད་དུ་འཇུག་པ་དང་། གྲོང་གསེབ་དར་སྤེལ་དང་རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱིར་འཚོང་གི་ནུས་ཤུགས་བསྩལ་རྒྱུ།