བདེ་ཐང་ལ་བསླབ་བྱ་གནང་།འགན་སྒྲུབ་ལ་སྟོབས་ཤུགས་བསྩལ།
རྩོམ་སྒྲིག་པ། བན་སྐྱོང་། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

བྱེད་སྒོའི་ཁྲོད་ཧྥི་པང་ཀོས་མཐོ་སྒང་ཁོར་ཡུག་གི་ཁྱད་ཆོས་ལ་ཟུང་དུ་འབྲེལ་ཏེ་བཟའ་བཏུང་གི་གྲུབ་ཆ་དང་གཉིད་ལོག་པའི་སྤུས་ཚད། འཚོ་བ་རོལ་སྟངས་སོགས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་གནད་འགག་གི་རྒྱུ་རྐྱེན་མ་ལག་ལྡན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ་རུས་སོབ་དང་ཁྲག་ཤེད་མཐོ་བ། གཅིན་སྙི་ཟ་ཁུ། གཅིན་པ་མངར་འགྱུར་གྱི་ནད་སོགས་མཐོ་སྒང་གི་ལས་བཟོ་བའི་རྒྱུན་མཐོང་གི་བདེ་ཐང་ཉེན་ཁའི་གནོད་འཚེ་དང་སྔོན་འགོག་གི་གཏན་ཚིགས་རྒྱས་བཤད་བྱས། ལས་བཟོ་བར་སྣེ་ཁྲིད་དེ“གུང་ཚིགས་རོལ་རྗེས་སྐར་མ10རིང་ལ་རྐང་ཐང་དུ་བགྲོད་པ”དང“ཆུ་ཚོད་རེའི་རྗེས་སུ་སྐར་མ1རིང་ལ་ལུས་པོ་བརྐྱངས་བསྐུམས་བྱེད་པ”“མ་གཉིད་སྔོན་གྱི་སྐར་མ30ལ་ཁ་པར་སྒོ་གཏད་པ”སོགས་བྱ་སྤྱོད་ཕྲ་མོ་བརྒྱུད་ནས་བདེ་ཐང་གི་འདུ་ཤེས་རྒྱུན་ལྡན་གྱི་བྱ་བ་དང་འཚོ་བར་གོམས་པར་བྱས།

བྱེད་སྒོས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ལས་བཟོ་བའི་བདེ་ཐང་དོ་དམ་གཙོ་གནད་ལས་དོན་དུ་བཅུག་ནས་འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་ལ་མཉམ་འབྲེལ་བྱས་ཏེ། དུས་བཅད་ལྟར་བདེ་ཐང་བྱེད་སྒོ་རྩ་འཛུགས་དང་བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བ་བརྒྱུད་དེ། ལས་མི་ཚང་མ་ཞུགས་པ་དང་གོ་རིམ་ཧྲིལ་པོར་དོ་དམ་གྱི་བདེ་ཐང་ལས་དོན་རྣམ་པ་ཆགས་པར་སྐུལ་འདེད་བཏང་སྟེ། ལས་བཟོ་བས་འགན་འཁྲི་བསྒྲུབ་པར་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན། རྒྱ་ཆེའི་ལས་བཟོ་བས་མཐོ་སྒང་གི་ཁོར་ཡུག་ཁྲོད་ཀྱི་བདེ་ཐང་དོ་དམ་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་བྱེད་པ། ནན་ཏན་གྱིས་ཆེད་མཁས་པས་མཐོ་སྒང་གི་བདེ་ཐང་གནད་དོན་ལ་བཏོན་པའི་བསམ་ཚུལ་བསྡུ་ལེན་བྱས་ཏེ། ཚན་རིག་ལ་མཐུན་པའི་སྒོ་ནས་ངལ་གསོ་དང་ཚུལ་མཐུན་གྱི་བཟའ་བཏུང་ལ་རོལ་བ་སོགས་རྒྱུན་ལྡན་གྱི་གོམས་གཤིས་སུ་བསྒྱུར་ཏེ། བདེ་ཐང་འགོག་སྲུང་རྨང་ནས་བརྟན་པོ་འཛུགས་དགོས།
ཐེངས་འདིའི“བདེ་ཐང་འཆད་ཁྲིད་ཆེན་མོ”བྱེད་སྒོར་ཞུགས་པའི་ལས་བཟོ་བས་མགྲིན་གཅིག་ཏུ་གདེང་འཇོག་བཟང་པོ་ཐོབ་པ་དང་ཀུན་གྱིས་གླེང་གཞིར་གྱུར་པ་ནི། ཐེངས་འདིའི་བྱེད་སྒོ་ནི་ཚན་རིག་རང་བཞིན་དང་དངོས་སྤྱོད་རང་བཞིན་གཉིས་ཀ་དང་ལྡན་པས། ལས་བཟོ་བས་ཚན་རིག་ལ་མཐུན་པའི་སྒོ་ནས་གནོན་ཤུགས་དབྱེ་འབྱེད་དང་སེམས་ཁམས་བདག་གཉེར་ལ་ཤུགས་སྣོན་བྱེད་པ། ལས་དོན་གནོན་ཤུགས་ཆུང་དུ་གཏོང་བ། ལུས་སེམས་བདེ་ཐང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཕན་ཐོགས་ཆེན་པོ་བྱུང་ཡོད། དེང་ཕྱིན་ལས་བྱེད་ཚོས་སྔར་ལས་བདེ་ཐང་ལྡན་པ་དང་བློ་སྤོབས་ཆེན་པོས་ཡར་རྒྱས་ཡོང་བར་བརྟེན་ནས་འཕེལ་རྒྱས་ལ་ཞབས་ཞུ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་སོ་སོའི་ནང་ཞུགས་ནས་རྫོང་ཡོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་རྒྱུ།
