རྐང་ཚ་རྫོང་གིས2025ལོའི་དམིགས་ཚད་ལས་འགན(བྱས་འབྲས)དཔྱད་ཞིབ་ལས་དོན་ལེགས་གྲུབ་བྱུང་།
རྩོམ་སྒྲིག་པ། མགོན་པོ་རབ་བརྟན། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ12པའི་ཚེས12ཉིན། ཁུལ་དམིགས་ཚད་ལས་འགན(བྱས་འབྲས)དཔྱད་ཞིབ་ཚན་ཆུང་འཁོར་དང་བཅས་པ་རྐང་ཚ་རྫོང་དུ་ཡོང་ནས2025ལོའི་དམིགས་ཚད་ལས་འགན(བྱས་འབྲས)དཔྱད་ཞིབ་ལས་དོན་སྤེལ། དཔྱད་ཞིབ་ཚན་ཆུང་གི་སྣེ་ཁྲིད་མགོ་གཙོ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཞིན་ཧུའེ་ཚོགས་འདུར་ཞུགས་ཤིང་གསུང་བཤད་ཀྱང་གནང་བ་དང་། དཔྱད་ཞིབ་ཚན་ཆུང་གི་ཚན་གཙོ་དང་ཁུལ་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཁུང་ཆིན་ཀྲིན་གྱིས་དཔྱད་ཞིབ་ཀྱི་འབྲེལ་ཡོད་ལས་དོན་གསལ་བཤད་བྱས། རྫོང་ཨུའི་ཧྲུའུ་ཅི་ལི་ཝུན་ལིན་གྱིས་རྫོང་གི་ཏང་སྲིད་འགོ་ཁྲིད་ཚན་ཁག་ཚབ་བྱས་ནས་ལོ་རེའི་དམིགས་ཚད་ལས་འགན་ལེགས་གྲུབ་བྱུང་བའི་གནས་ཚུལ་སྙན་སེང་ཞུས་པ་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་སྲིད་གཞུང་གི་རྫོང་དཔོན་ཀྲང་ཆི་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་། ཚོགས་ཞུགས་མི་སྣར་རྫོང་ཨུའི་ཨུ་ཡོན་དང་། རྫོང་དམངས་ཆེན་དང་རྫོང་སྲིད་གཞུང་། རྫོང་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། རྫོང་ཐད་གཏོགས་སྡེ་ཁག་དང་མང་ཚོགས་ཚོགས་པའི་འགན་ཁུར་བློ་མཐུན་གཙོ་བོ། ཡུལ་ཚོ་དང་གྲོང་རྡལ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཁའོ་རིམ་པ་གཞོན་པའི་ཡན་གྱི་འགོ་ཁྲིད་ལས་བྱེད་པ། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པའི་འཐུས་མི་དང་ཏང་གི་འཐུས་མི། དམངས་ཆེན་གྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། ཁེ་ལས་ཀྱི་འཐུས་མི། སྡེ་ཁུལ་གྱི་སྡོད་དམངས་དང་ཞིང་འབྲོག་མང་ཚོགས་ཀྱི་འཐུས་མི་བཅས་ཁྱོན་མི 112 ཚོགས་འདུར་ཞུགས་ཡོད།



གྲོས་ཚོགས་སུ་ཝང་ཞིན་ཧུའེ་ཡིས་དམིགས་ཚད་ལས་འགན་(བྱས་འབྲས)དཔྱད་ཞིབ་ལས་དོན་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལོ་རེའི་ལས་དོན་གལ་ཆེན་ཞིག་ཡིན་ལ། རྫོང་བཞི་དང་ཁུལ་ཐད་གཏོགས་སྡེ་ཁག་གི་ལོ་རེའི་ལས་དོན་གྲུབ་འབྲས་དང་། ཞིང་ཆེན་ཁུལ་སྡོད་ལས་ཁུངས་ཀྱིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཁྱོན་ཡོངས་ཀྱི་དཔྱད་འབེབས་ཤིག་ཡིན་པ་མ་ཟད།ཁུལ་འགོ་ཁྲིད་ཚན་ཁག་དང་ཁུལ་ལས་བྱེད་པའི་ལས་དོན་གྲུབ་འབྲས་དང་ལས་དོན་སྤྱོད་ཚུལ་ལ་ཕྱོགས་བསྡུས་གདེང་འཇོག་ཐེངས་གཅིག་བྱས་པ་ཡིན་པ་དང་། ཁུལ་ཡོངས་ཀྱི་གོང་འོག་སྣེ་ཁྲིད་དེ་འགག་སྒྲོལ་དཀའ་སེལ་དང་དངོས་འཛིན་དངོས་སྒྲུབ་ཀྱི་ནུས་ལྡན་དམ་འཛིན་བྱས་པ་ཞིག་ཀྱང་ཡིན། ད་ཐེངས་ཀྱི་དཔྱད་ཞིབ་གོ་སྐབས་སུ་བརྩིས་ཏེ། ལས་དོན་སོ་སོར“ཕྱིར་ལྟ”བྱས་ནས་ལས་དོན་ཁྲོད་དུ་གནས་པའི་བར་ཁྱད་དང་མི་འདང་ས་འཚོལ་ཞིབ་ཀྱིས་ལས་དོན་གྱི་འགན་འཁྲི་འདུ་ཤེས་དང་ཛ་དྲག་འདུ་ཤེས་སྔར་ལས་ཇེ་ཆེར་བཏང་སྟེ། ཏན་ཏིག་སྒོས་ལས་དོན་སོ་སོའི་ལས་འགན་དོན་ཐོག་ཏུ་འཁྱོལ་ནས། དེང་ཕྱིན་གྱི་ལས་དོན་ལ་ཇུས་འགོད་ལེགས་པོ་བྱེད་པར་རྨང་གཞི་བརྟན་པོ་འཛུགས་རྒྱུ་ནན་གྱིས་བསྟན། ཁུང་ཆིན་ཀྲིན་གྱིས་འབྲེལ་ཡོད་ལས་དོན་ལ་དཔྱད་ཞིབ་བྱེད་པར་གསལ་བཤད་ནན་མོ་བྱས།



དཔྱད་ཞིབ་སྐབས་སུ། དཔྱད་ཞིབ་ཚན་ཆུང་གིས་ཁར་ཁེར་གླེང་མོལ་དང་ཡིག་ཚགས་ལྟ་ཀློག་བྱས་པ་མ་ཟད། ཆིན་ཧུའུ་ཞིང་འབྲོག་མ་འཇོག་ཚད་ཡོད་་སྤྱི་གཉེར་དང་རིག་ནུས་ཕྱུགས་ལས་གཞི་གྲངས་ཆེན་མོ་ལས་སྟེགས། སྤྱི་ཚོགས་བདེ་འཁོད་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས། གཡུ་དཀར་འོམ་ལུང་ཡུལ་ཚོའི་འཕྲོད་བསྟེན་ཁང་། ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་བཅས་སུ་བསྐྱོད་དེ་ཡུལ་དངོས་སུ་རྟོག་ཞིབ་བྱས།


