ཏུང་ཧྥིང་ཞིབ་འབྱེད་དང་རྐང་ཚའི་འབྲོག་ལུག་མཉམ་འབྲེལ་སྒོས་མཐོ་སྒང་ཕྱུགས་འགྱུར་ལ་ཕུགས་བསམ་བསྐྲུན།
རྩོམ་སྒྲིག ཚེ་གཟུངས། ཡོང་ཁུངས། ཞིན་ཧྭ་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲི་ལག་ལེན་བསྟར་བྱ་ཆེད། མཐོ་སྒང་སྤུས་ལེགས་ཞིང་ལས་ཐོན་རྫས་འབྲོག་ཁུལ་ལས་བརྒལ་ཏེ་ཁྱིམ་ཚང་ཁྲི་སྟོང་དུ་བསྐྱོད་དུ་བཅུག ཟླ12ཚེས12ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་རང་འགུལ་ངང་གློག་རྡུལ་ཚོང་དོན་སྟེགས་བུ་དང་སྦྲེལ་མཐུད་བྱས་ཏེ་ཁྲོམ་རའི་དགོས་མཁོ་དང་གནད་ཟན་པ་བྱས་ནས། ཏུང་ཧྥིང་ཞིབ་འབྱེད་མྱུར་འཁྱགས་ཚོགས་པ་དང་མཉམ་འབྲེལ་གཏིང་ཟབ་སྒོས། “བློ་ལྡན་ཟོག་འདྲེན་དང་བརྩེ་བ་འབྲེལ་མཐུད”ཀྱི་ཁྱད་ཆོས་ལྡན་པའི་རྣམ་པའི་བཀོལ་ཏེ་རྐང་ཚའི་འབྲོག་ལུག་ཆེད་དོན་ཐད་གཏོང་བྱེད་འགོ་ཚུགས་ནས། “འབྲོག་ར་ནས་མདུན་ཅོག”བར་གྱི་དྲོ་སྐྱིད་ཟམ་པ་བསྐྲུན་ནས་འབྲོག་ལུག་གི་དྲི་ཞིམ་དང་འབྲོག་པའི་བརྟན་སྲུང་གིས་རྒྱལ་ཡོངས་ཁྲོམ་རར་བསྐྱོད་འགོ་ཚུགས།


རྩྭ་རའི་བབ་དང་བསྟུན་ནས་འབྱུང་ཁུངས་རྗེས་འདེད་ཀྱི་སྲོག་ཤིང་གཏན་འཁེལ་བྱས་ནས་སྤུས་ཚད་ཡིད་རྟོན་རུང་བ་བཙུགས་ཡོད། སྲོལ་རྒྱུན་གྱི་ཐད་གཏོང་ཁང་གི་རྣམ་པ་དོར་ནས་ཐད་གཏོང་བརྙན་ཤེལ་བརྒྱུད་རྐང་ཚ་རྫོང་རྟ་ཕྱུག་སྐྱེ་ཁམས་ཉམས་ལེན་ཁུལ་ཐད་ཀར་མངོན་པ་བྱས་ཏེ། མཚོ་སྔོན་པོ་པང་དུ་བླངས་ཤིང་མདོ་ལ་རི་བོའི་འབྲོག་ར་གདན་དུ་བཏིངས་ནས། འབྲོག་ལུག་གིས་རང་མོས་ངང་རྩྭ་ཆུ་རོལ་བའི་རྣམ་པ་དང་འབྲོག་པས་ཚན་རིག་དང་མཐུན་པའི་ཕྱུགས་འཚོ་སྟངས་མངོན་པར་བྱས་ཏེ། ནམ་མཁའ་དང་། རྩྭ་ཐང་། ཆུ་ཕྲན་བཅས་ཀྱིས་གྲུབ་པའི་རང་བྱུང་བརྙན་རིས་སྤྱད་དེ་རྐང་ཚའི་འབྲོག་ལུག་གིས“འཁྱགས་རོམ་གྱི་གངས་ཆུ་རང་བྱུང་གི་སྔོ་རྩྭ”སྤྱོད་པའི་སྐྱེ་འཚར་གསང་གྲངས་ཐད་ཀར་མངོན་ལ། འཛད་སྤྱོད་པར་ཐོན་ཁུངས་དངོས་ཀྱི་འབྱུང་ཁུངས་རྗེས་འདེད་ཆོག་པའི་ཉམས་ལེན་བསྐྲུན་ཡོད། ལག་རྩལ་ཆེད་མཁས་པ་བརྒྱུད་རིམ་ཧྲིལ་པོར་འབྲོག་རར་གནས་བཅས་ཏེ་ཕྱུགས་རིགས་འདེམས་གསོ་ནས་སྐྱེ་ལྡན་གསོ་སྤེལ་གྱི་ཚད་གཞིའི་བར་དང་། ནད་ཡམས་ཞིབ་བཤེར་ཚད་ལེན་གྱི་བརྒྱུད་རིམ་ནས་རིམ་པ་དབྱེ་འབྱེད་ཚད་ལྡན་དུ་གཏོང་བའི་བར་གྱི་དོགས་གཞི་རེ་རེ་བཞིན་སེལ། མཉམ་ལས་ཁང་གིས་འབྱུང་ཁུངས་དངོས་ནས་ཐད་ཀར་ཕྱིར་འཚོང་གི་འགན་སྲུང་མཁོ་འདོན་བྱས་པ་དང་དུས་མཚུངས་སུ་འཁྱགས་སྦྲེལ་ཟོག་འགྲེམས་མ་ལག་འཐུས་ཚང་ལ་བརྟེན་ནས་བཤས་ཤ་སྐྱེལ་འདྲེན་ཁྲོད་ཀྱི་དྲོད་འཁྱགས་ཚོད་འཛིན་མངོན་འགྱུར་བྱས་ནས་མཐོ་སྒང་གི་ཤ་རིགས་ཐད་ཀར་སྐྱེལ་འདྲེན་ལ་འགན་ལེན་བྱེད་ཀྱིན་ཡོད་པ་རེད།

རིག་གནས་ཀྱི་ནང་སྙིང་གཏིང་ཟབ་ཏུ་སྔོག་པ་དང་། བརྩེ་བ་སྦྲེལ་མཐུད་བྱས་ནས་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་སྐུལ་སྤེལ་བཏང་། ཐད་གཏོང་ཚོགས་པས“མཐོ་སྒང་ཞིང་ལས་ཐོན་རྫས་རིག་གནས་མགྲིན་ཚབ་པའི”རྣམ་པར་བསྒྱུར་ཏེ། རྐང་ཚའི་འབྲོག་ལུག་གི་ས་ཁམས་མཚོན་རྟགས་ཀྱི་ངོ་བོ་དང་བོད་རིགས་ཀྱི་འབྲོག་ལས་རིག་གནས་དང་སྐྱེ་ཁམས་སྲུང་སྐྱོང་གི་གཏམ་རྒྱུད་དང་གཏིང་ཟབ་ཏུ་ཟུང་འབྲེལ་བྱས་ཏེ།འབྲོག་ལུག་གི་ཤ་ལ“སྤྲི་དཀར་མཐོ་བ་དང་། ཞག་ཚིལ་ཉུང་བ། བཤུལ་དྲི་མེད་པ”སོགས་ཀྱི་འཚོ་བཅུད་ལེགས་ཆ་ཁྱབ་གདལ་བཏང་བ་མ་ཟད།མཐོ་སྒང་གནམ་གཤིས་དང་རང་བྱུང་སྔོ་རྩྭ་ལས་གྲུབ་པའི་བྲོ་བའི་གཞི་རྒྱུ་གསལ་འགྲེལ་བྱས་ཤིང་། འབྲོག་པས“རྩྭ་ཆུ་འཛོམས་སར་རུ་སྤར་བའི”འཚོ་གནས་རིག་གནས་དང“སྐྱེ་ཁམས་སྔོན་འཇོག”གི་འཚོ་སྐྱོང་འདུ་ཤེས་ཀྱང་བསྟན་ཡོད་པས་འབྲོག་ལུག་གི་ཤ་ལ་དྲོད་ཚད་དང་དོན་སྙིང་ལྡན་པར་བྱས་ཏེ། “ཐོན་རྫས་རིན་ཐང”དང“བརྩེ་བའི་རིན་ཐང་”གཉིས་ཀྱི་བརྒྱུད་སྤྲོད་མངོན་འགྱུར་བྱུང་ཡོད། ཁྱིམ་ཚང་གི་འདུ་འཛོམས་དང་། རྒྱུན་ལྡན་གྱི་གཡོས་སྦྱོར། དུས་ཆེན་གྱི་ལག་སྐྱེས་སོགས་གནས་ཚུལ་མི་འདྲ་བར་དམིགས་ནས། ཐོན་རྫས་ལ་རིགས་དབྱེའི་རྣམ་པའི་ཐད་གཏོང་བྱས་ཏེ། དམར་བཙོས་ལ་འཚམ་པའི་རྩིབ་ཤ་ནས་རླངས་བཙོས་ཆོག་པའི་ལུག་སུག སྟབས་བདེ་རིང་བཞིན་གྱི་ཤ་སྒྲིལ་ནས་ལུག་ཤ་བཙོས་མའི་བར་དུ་དྲ་དཔོན་གྱིས་ཡུལ་དངོས་སུ་ཟས་རིགས་གཡོས་སྦྱོར་གྱི་ལག་རྩལ་གསལ་སྟོན་བྱས་པ་དང་། བརྔོས་ཚལ་འདྲ་མིན་དང་དགུན་དུས་ཀྱི་ཁམས་གསོ་ལ་སྡེབ་སྒྲིག་བྱས་ཏེ། “མཐོ་སྒང་གི་བྲོ་བ་ཞིམ་པོ”སྟབས་བདེ་ཞིང་ལས་སླ་བ་ཞིག་ཡིན་པ་བསྟན་ནས། ཕྱོགས་ཡོངས་ཀྱི་འཛད་སྤྱོད་པའི་དགོས་མཁོ་བསྐངས་ཡོད།
དྲ་བའི་རྒྱུག་ཚད་སྤྱད་དེ་སྤུས་རྟགས་ཀྱི་རིན་ཐང་ཆེ་རུ་བཏང་ནས་ཞིང་ལས་དར་སྤེལ་གྱི་ཕན་འབྲས་སྲ་བརྟན་དུ་བཏང་ཡོད། བསྡོམས་འབོར་སྒོར་ཁྲི4ལྷག་ཙམ་གྱི་བཙོང་འབོར་དང་བསྡོམས་འབོར་སྒོར་ཁྲི600ལྷག་ཙམ་གྱི་ཕྱིར་འཚོང་གི་གྲངས་གཞི་ནི་མངོན་གསལ་དོད་པའི་གྲུབ་འབྲས་ཞིག་ཡིན་པ་མ་ཟད“ཚོང་ལས་ཕྱིར་འཚོང་ལེགས་པོ”ཞིག་ཡིན་ཞིང་། དེ་བས་ཀྱང་ནུས་ལྡན་གྱི“ཚོང་རྟགས་གསར་བཟོ”ཞིག་ཀྱང་རེད། ཏུང་ཧྥིང་ཞིབ་འབྱེད་སྟེགས་བུའི་རྒྱུག་ཚད་དང་སྤུས་རྟགས་བློ་རྟོན་ཆོག་པའི་ནུས་ཤུགས་ལ་བརྟེན་ནས།རྐང་ཚའི་འབྲོག་ལུག་རང་ས་གནས་ཀྱི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ནས“རྒྱལ་དམངས་རིམ་པའི་དྲོ་ལྡན་ཟས་རིགས”བར་རིམ་སྤོར་བྱས་པ་མ་ཟད། རྐང་ཚའི་འབྲོག་ལུག་ཐོན་ལས་ཀྱིས“ཚད་ལྡན་ཅན་གྱི་འཚོ་སྐྱོང་དང་། ཞིབ་ཕྲའི་ལས་སྣོན། སྤུས་རྟགས་རང་བཞིན་གྱི་གཉེར་སྐྱོང་། གློག་རྡུལ་རང་བཞིན་གྱི་ཕྱིར་འཚོང་བཅས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། དེ་སྔོན་རྐང་ཚའི་འབྲོག་ལུག་ལ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ས་ཁམས་མཚོན་རྟགས་ཀྱི་དཔང་ཡིག་ཐོབ་པ་དང“རྒྱལ་ཡོངས་གྲགས་ཅན་དམིགས་བསལ་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་གསར་པའི”མིང་ཐོའི་ནང་བཅུག་ཡོད། ཐེངས་འདིའི་ཐད་གཏོང་གིས་མདོ་ལ་རི་བོའི་འོག་གི་འབྲོག་ར་བཟང་བོ”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་ཕན་ནུས་སྔར་བས་ཆེ་རུ་ཕྱིན་ནས། “མུའུ་དྲུག་ལ་ལུག་གཅིག”གི་རྐང་ཚའི་འབྲོག་ལུག་གི་ཐོན་རྫས་རབ་དང་རིམ་པ་དེ་ཏུང་ཧྥིང་ཞིབ་འབྱེད་སྟེགས་བུས་ཡུན་རིང་ལ་འབྲོག་ལུག་གི་སྤུས་རྟགས་ཕྱིར་འཚོང་བྱེད་པ་མངོན་འགྱུར་བྱས་ཏེ། རྗེས་མཐུད་ཀྱི“འབྲོག་ལུག་རྒྱལ་ཡོངས་སུ་ཁྱབ་པར”རྨང་གཞི་བརྟན་པོ་བཏིངས་ཡོད།
མདོ་ལ་རི་བོ་ཡི་ཁོད་ཡངས་པའི་རྩྭ་ཐང་ནས་གྲོང་ཁྱེར་གྱི་ཁྱིམ་ཚང་ཁྲི་སྟོང་གི་མདུན་ཅོག་བར་དང་། འབྲོག་པའི་ཞུམ་མེད་ཀྱི་བརྩོན་པ་ནས་འཛད་སྤྱོད་པའི་ལྕེ་ཤེས་ཀྱི་མྱོང་བའི་བར་དང་། སྒེར་གྱི་ཆེད་ལས་མཉམ་ལས་ཁང་ལISOམ་ལག་བཞིའི་དཔང་ཡིག་ཐོབ་རྒྱུར་རོགས་འདེགས་བྱས་ཏེ་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བཙུགས་པ་ནས་ཏུང་ཧྥིང་ཞིབ་འབྱེད་དང་རྐང་ཚའི་འབྲོག་ལུག་མཉམ་སྦྲེལ་གྱིས་ཚོང་ལམ་བསྐྲུན་པའི་བར་བཅས་ནི་གློག་རྡུལ་ཚོང་ལས་ཀྱིས་མཐོ་སྒང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ལ་ནུས་པ་འདོན་པ་དང་གྲོང་གསེབ་དར་རྒྱས་ཡོང་བར་རོགས་རམ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དངོས་ཤིག་རེད། འབྲོག་ལུག་གི་དྲི་ཞིམ་དེ་ཐད་གཏོང་གི་དྲོད་ཚད་དང་འཕྲད་པ་དང་མཐོ་སྒང་གི་བརྟན་སྲུང་དེ་རྒྱལ་ཡོངས་ཀྱི་ཁས་ལེན་དང་འཕྲད་སྐབས། “དགུན་དུས་དངོས་ཟོག་ཉོ་འཚོང”དེ་སྔ་མོ་ནས་ཉོ་ཚོང་རང་ངོས་ལས་བརྒལ་ནས་གྲོང་ཁྱེར་དང་འབྲོག་ཁུལ་འབྲེལ་མཐུད་བྱས་པ་དང་། དྲོད་ཁོལ་དང་རེ་བ་བརྒྱུད་སྤྲོད་བྱེད་པའི་འབྲེལ་ཐག་ཞིག་ཏུ་གྱུར་ཡོད།
