རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོའི་ཁྲིན་ཧྥི་ལིང་གིས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཤུད་འཁོར་རྣམ་གྲངས་སུ་གསེར་དངུལ་རྟགས་མ་གཅིག་རེ་བླངས།
གཙོ་སྒྲིག་པ། མགོན་པོ་རབ་བརྟན། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཀོང་ཏུང་ཀྲུང་ཧྲན་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་དང་དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་ཤུད་འཁོར་རྣམ་གྲངས་འགྲན་བསྡུར་ཁྲོད། རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་ཞིན་ཆོན་སྡེ་བའི་དབང་པོ་སྐྱོན་ཅན་ལུས་རྩལ་པ་ཁྲིན་ཧྥི་ལིང་གིས་ཕུལ་དུ་བྱུང་བའི་ནུས་པ་འདོན་སྤེལ་ལ་བརྟེན་ནས་གསེར་དངུལ་རྟགས་མ་གཅིག་རེའི་གྲུབ་འབྲས་བཟང་པོ་བླངས་ནས་ཕ་ཡུལ་ལ་མཚན་སྙན་ཐོབ། ད་ཐེངས་ཀྱི་འགྲན་བསྡུར་ལ་རྒྱལ་ཡོངས་ཀྱི་འཐུས་མི་རུ་ཁག27གྱི་ལུས་རྩལ་པ167ཙམ་ཞུགས་པས་འགྲན་རྩོད་ཧ་ཅང་ཛ་དྲག་ཆེ་ལ། མཚོ་སྔོན་ཞིང་ཆེན་འཐུས་མི་རུ་ཁག་གི་ཁོངས་མི་ཞིག་ཡིན་པའི་ཆ་ནས་ཁྲིན་ཧྥི་ལིང་གིས་ལག་རྩལ་རང་བཞིན་དང་འགྲན་སློང་རང་བཞིན་གཉིས་ལྡན་གྱི་རྣམ་གྲངས་ཁྲོད་ནས་འབུར་དུ་ཐོན་ཏེ་བྱ་དགའི་རྟགས་མས་ཀྱང་ཚེ་སྲོག་གི་སྟོབས་ཤུགས་འགྲེལ་བཤད་བྱས་ཡོད།

དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཤུད་འཁོར་རྣམ་གྲངས་འགྲན་བསྡུར་ཀྱིས་ལུས་རྩལ་པའི་དོ་སྙོམས་ནུས་པ་དང་མཐུན་སྦྱོར་རང་བཞིན། བློ་བརྟན་ནུས་པ་བཅས་ལ་རེ་བ་ཧ་ཅང་ཆེན་པོ་ལྡན་པས། འགྲན་ལམ་གྱི་དཀྱོག་སྟངས་རེ་རེ་དང་མཇུག་མཆོང་རེ་རེ་ཚང་མར་འགྲན་སློང་གིས་ཁེངས་ཡོད། འགྲན་བསྡུར་ཁྲོད་ཛ་དྲག་ཆེ་བའི་རྩལ་འགྲན་ཁོར་ཡུག་གི་མདུན་དུ་ཁྲིན་ཧྥི་ལིང་གིས་སྤྱིར་བཏང་གི་མི་ལས་བརྒལ་བའི་བློ་བརྟན་འགྱུར་མེད་དང་དམིགས་པ་རྩེ་གཅིག་ཏུ་གཞོལ་བ་མངོན་ཡོང་། འགྲན་རའི་ཁྲོད་ཀྱི་ཁོ་མོའི་གྲིབ་གཟུགས་ཀྱིས“རང་མཐོང་དང་རང་རློམ་རང་བརྩོན། རང་ཚུགས”བཅས་ཀྱི་དབང་པོ་སྐྱོན་ཅན་གྱི་སྙིང་སྟོབས་གསོན་ཉམས་ལྡན་པའི་སྒོ་ནས་འགྲེལ་བཤད་བྱས་པ་དང་། དམིགས་བསལ་ལུས་རྩལ་པའི“དཔའ་ངར་ཆེན་པོས་ཚོད་ལྟ་བྱེད་པ་དང་རྒྱལ་ཁར་བརྩོན་ལེན་བྱེད་པའི”དམིགས་བསལ་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྤུས་ཀ་མངོན་ཏེ་ཡུལ་དངོས་ཀྱི་ལྟད་མོ་བའི་ཐལ་མོ་རྡེབ་སྒྲས་ཁེངས་ཡོད།

ཁྲིན་ཧྥི་ལིང་གི་ལེགས་འགྲུབ་ནི་ཁོ་མོས་ལོ་ངོ་བཅུ་ཙམ་ཡི་རིང་རྒྱུན་འཁྱོངས་བྱེད་པ་དང་ཁྱིམ་མིས་རྒྱབ་སྐྱོར་གནང་བར་ཁ་འབྲལ་ཐབས་མེད། ཡུལ་ཚོའི་གོང་འོག་ཚང་མས་སྔོན་ཐོན་མིག་དཔེར་བརྩིས་ནས་ཁོ་མོའི་དཀའ་ངལ་ལ་མི་སྐྲག་པའི་འབད་བརྩོན་སྙིང་སྟོབས་དང་སྤྲོ་སྣང་ཡར་རྒྱས་ཀྱི་མི་ཚེའི་རྣམ་འགྱུར་ལ་སློབ་སྦྱོང་བྱེད་རྒྱུ། དེང་ཕྱིན་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་མུ་མཐུད་དུ་དབང་པོ་སྐྱོན་ཅན་ལ་བྱམས་སྐྱོང་ཞབས་ཞུ་གཏིང་ཟབ་ཏུ་གཏོང་བ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བསྐྱེད་པ་དང་། ཆབས་ཅིག་ཏུ་སྔོན་ཐོན་གྱི་བྱས་རྗེས་དྲིལ་སྒྲོག་བྱེད་པ་བརྒྱུད་དེ་དབང་པོ་སྐྱོན་ཅན་གྱི་སྤུན་ཟླར་བརྩི་འཇོག་དང་བྱམས་་སྐྱོང་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་ནས་མང་ཚོགས་སྔར་ལས་མང་པོ་རང་རང་སོ་སོའི་མངའ་ཁོངས་སུ་དཔའ་ངར་མདུན་སྐྱོད་བྱེད་པར་སྐུལ་ལྕག་བྱས་ཏེ་ཕ་ཡུལ་འཕེལ་རྒྱས་ལ་སྒུལ་ཤུགས་བསྩལ་རྒྱུ།