ཀྲང་ཧྲིང་ཡོན་གྱིས་སྣེ་ཁྲིད་དེ་ཞིང་ཆེན་བཟོ་འཕྲིན་ཐིན་དང་འཕེལ་སྒྱུར་ཨུ་ལྷན། ནགས་རྩྭ་ཅུས། གཞི་གྲངས་ཅུས་བཅས་སུ་བསྐྱོད་དེ་མཇལ་འཕྲད་གནང་བར་མ་ཟད་འབྲེལ་ཡོད་བྱ་བར་འབྲེལ་མཐུད་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ1པོའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་སྣེ་ཁྲིད་དེ་ཞིང་ཆེན་བཟོ་འཕྲིན་ཐིན་དང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། ཞིང་ཆེན་ནགས་རྩྭ་ཅུས། ཞིང་ཆེན་གཞི་གྲངས་ཅུས་བཅས་སུ་བསྐྱོད་དེ་བྱ་བར་འབྲེལ་མཐུད་བྱས་ཏེ། མཚོ་བྱང་ཁུལ་གྱི་ལོ་འཁོར་མོའི་གཙོ་གནད་ལས་འགན་ལེགས་གྲུབ་བྱས་པའི་གནས་ཚུལ་སྙན་ཞུ་བྱས་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཐིན་དང་ཅུས་ཀྱིས་དུས་ཡུན་རིང་བོར་མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པར་མ་ཟད་བཞུགས་མོལ་བརྗེ་རེས་གནང་སྟེ། གཙོ་གནད་ཐོག2026ལོའི་ལོ་འཁོར་མོའི་གཙོ་གནད་བྱ་བར་སྐུལ་འདེད་གཏོང་བ་དང་། གཙོ་གནད་ལས་གཞི་འཆར་འགོད། དེ་བཞིན“ལྔ་བཅོ་ལྔའི”འཆར་འགོད་སྒྲིག་བཟོ་དང་། མཚོ་བྱང་གི་བྱ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་སོགས་ལ་འབྲེལ་མཐུད་གཏིང་ཟབ་བྱས། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲའོ་ཧའེ་ཕིང་གིས་ཕེབས་རོགས་བྱས།

ཞིང་ཆེན་བཟོ་འཕྲིན་ཐིན་དུ། ཀྲང་ཧྲིང་ཡོན་དང་ཐིན་ཀྲང་ལི་ཞའོ་ཉིག་གཉིས་ཀྱིས་མཚོ་བྱང་གི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་བྱ་བར་དམིགས་ནས་བཞུགས་མོལ་བརྗེ་རེས་གནང་། ཀྲང་ཧྲིང་ཡོན་གྱིས་གཙོ་གནད་ཐོག་ཁུལ་ཡོངས་ཀྱི2025ལོའི་ལོ་འཁོར་མོའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་ཐང་དང་། བཟོ་ལས་ཁེ་ལས་སྐྱེད་སྲིང་། ཐོན་ལས་སྦྲེལ་ཐག་གཏོད་པ། ཚོང་འགུགས་མ་འདྲེན་སོགས་བྱ་བའི་ཕན་འབྲས་དངོས་དང་བཀྲག་མདངས་འཚེར་ས་ངོ་སྤྲོད་བྱས་ལ། གློག་རྩིས་མཐུན་སྦྱོར་ཁེ་ལས་འདྲེན་འགུག་དང་། གླིང་ཁུལ་རིགས་སྒྱུར་རིམ་སྤར། ནུས་རྒྱུ་གསར་བའི་དམིགས་ཚད་བགོ་བཤའ་སོགས་ཀྱི་ཐད་མཛུབ་སྟོན་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུས། ལི་ཞའོ་ཉིག་གིས་མཚོ་བྱང་ཁུལ་གྱི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་བྱ་བར་ཚད་མཐོའི་ཁས་ལེན་གནང་བ་དང་། "ལྔ་བཅོ་ལྔའི"སྐབས་ཀྱི་བཟོ་ལས་ལས་གཞི་ཇུས་འགོད་གསོག་འཇོག་སོགས་གཙོ་གནད་བྱ་བའི་ཐད་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན་ནས་འབྲེལ་གཏུག་དང་འབྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་པ་དང་། ནུས་ཤུགས་ཡོད་རྒུས་ཞབས་ཞུའི་འགན་ལེན་ཡག་པོ་བྱས་ཏེ། མཚོ་བྱང་ཁུལ་གྱི"ལྔ་བཅོ་ལྔའི"རིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཡིན་ཟེར།
ཞིང་ཆེན་ནགས་རྩྭ་ཅུས་སུ་ཀྲང་ཧྲིང་ཡོན་དང་ཅུས་ཀྲང་ཏུའུ་ཕིང་ཀུའེ་གཉིས་ཀྱིས་མཚོ་བྱང་གི་རང་བྱུང་སྲུང་སྐྱོབ་ཁུལ་ལེགས་སྒྱུར་ལེགས་སྒྲིག་དང"བྱང་གསུམ"བཟོ་སྐྲུན་འཛུགས་སྐྲུན། "མཚོ་སྔོན་གྱི་སྨན་གྱི་གྲོང་ཁྱེར"གཏོད་པ་སོགས་གཙོ་གནད་བྱ་བར་དམིགས་ནས་བཞུགས་མོལ་བརྗེ་རེས་གནང་། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་མཚོ་སྔོན་པོའི་བྱང་ངོགས་ཀྱི་རྩྭ་ཐང་ལེགས་བཅོས་དང་གཟན་ཆས་རྟེན་གཞི་འཛུགས་སྐྲུན། ཀྲུང་བོད་སྨན་རྫས་འདེབས་འཛུགས་དང་ནགས་ཁྲོད་དཔལ་འབྱོར་འཛུགས་སྐྲུན། ནུབ་མཚོ་གྲོང་རྡལ-མཁར་ཟུར་གསུམ་གྲོང་རྡལ་མཐའ་འཁོར་གྱི་སྔོ་ལྗང་ཅན་འཛུགས་སྐྲུན་སོགས་ལས་གཞི་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས།

ཞིང་ཆེན་གཞི་གྲངས་ཅུས་སུ་ཀྲང་ཧྲིང་ཡོན་དང་ཅུས་ཀྲང་ཅིན་ལི། ཅུས་ཀྲང་གཞོན་པ་ཡུས་དབྱིན་ཀུང་གིས་མཚོ་བྱང་གི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོ་བཅོས་སྒྱུར་སོགས་གཙོ་གནད་བྱ་བར་དམིགས་ནས་བཞུགས་མོལ་གནང་། ཕྱོགས་གཉིས་ཀྱིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་ལ་དམིགས་ནས་ས་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་དང་གྲངས་འཛིན་ཅན་གྱི་རིགས་སྒྱུར་མཉམ་འདྲེས་གཏིང་ཟབ་ཀྱི་ཐབས་ལམ་ལ་དཔྱད་བསྡུར་བྱས། ལྗང་མདོག་རྩིས་ནུས་ལས་གཞི་འཛུགས་སྐྲུན་ལ་དམ་པོར་དམིགས་ནས་ནུས་རྒྱུ་གསར་བ་སྙོམ་སྒྲིག་བྱེད་སྟངས་ལ་ཞིབ་དཔྱད་བྱས། ལྗང་གློག་ཐད་འདོན་དང་རྩིས་གློག་མཐུན་སྦྱོར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ཕྱུགས་ལས་ཁྱབ་ཁོངས་སུ་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་གྲངས་འཛིན་སྡེབ་སྒྲིག་མཉམ་སྤྱོད་དང་རིན་ཐང་སྔོག་འདོན་ལ་སྐུལ་འདེད་གཏོང་བ། གསར་བརྗེའི་ཡུལ་སྐོར་ཁྱབ་ཁོངས་སུ་རིག་གནས་ཡུལ་སྐོར་གཞི་གྲངས་ཐོན་ཁུངས་ཅན་གྱི་གསར་སྤེལ་དང་ཡུལ་ལྗོངས་ཅན་གྱི་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས།
ཉིན་དེར། ཀྲང་ཧྲིང་ཡོན་གྱི་མངགས་བཅོལ་ལྟར་ཀྲའོ་ཧའེ་ཕིང་གིས་རུ་སྣེ་ཁྲིད་དེ་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དུ་བསྐྱོད་དེ་སོ་སོར་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཚའེ་ཀྲི་དང་ཝང་ཧུའུ། ཀྲུའུ་ཁྲིན་ཆིན་ལ་མཇལ་འཕྲད་གནང་སྟེ། “ལྔ་བཅོ་ལྔའི”འཆར་འགོད་སྒྲིག་བཟོ་དང་དམའ་དབྱིངས་དཔལ་འབྱོར། ལྗང་གློག་ཐད་སྦྲེལ་སོགས་ལ་དམིགས་ནས་སྔར་ལས་ལྷག་པའི་སྒོ་ནས་བྱ་བར་འབྲེལ་མཐུད་བྱེད་པར་ཤུགས་བསྣན་ཏེ་མཚོ་སྔོན་པོའི་མེ་འཁོར་འབབ་ཚིགས་འཛུགས་སྐྲུན་དང་། མཁར་གྲོང་སྦུག་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ཆེན་བརྒལ་བའི་བགྲོད་ལམ་འཛུགས་སྐྲུན། གཙོ་གནད་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན། ཐོན་ལས་གླིང་བཅོས་སྒྱུར་སོགས་ཞིབ་ཕྲའི་ལས་གཞིར་མཐུན་སྦྱོར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་གོམ་སྟབས་རྗེས་མའི་བྱ་བའི་བསམ་ཕྱོགས་ཁ་གསལ་བཟོས།