ལོ་སར་གྱི་རྗེས་སུ་ལུས་ཕུང་ཇི་ལྟར་བདག་སྐྱོང་བྱ་འོས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ལོ་སར་གྱི་སྐབས་སུ་ཟས་སྣ་ཕུན་སུམ་ཚོགས་པས། མི་རྣམས་ཀྱིས་ཟས་རིགས་མང་དུ་བསྟེན་ཏེ“ཕོ་བ་རྒྱགས་པོ”རུ་ཆགས་ནས་ཟས་ཀྱིས་བད་ཡོད་མོད། འོན་ཀྱང་། སྣུམ་ཆེ་བ་དང་ཟས་གསོག་པ། འཇུ་མི་ཐུབ་པ་བྱུང་སྟེ་ཕོ་རྒྱུའི་ཁུར་བོ་ཇེ་ལྕི་ལ་སོང་ཡོད་པས། ལུས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས། དཔྱིད་མགོ་ཚུགས་པའི་དུས་སུ། ལུས་པོར་བདག་སྐྱོང་ཡག་པོ་བྱས་ན་ལོ་ཧྲིལ་བོའི་བདེ་ཐང་ལ་རྨང་གཞི་ལེགས་པོ་ཞིག་འདིང་ཐུབ།
ལོ་སར་གྱི་རྗེས་སུ་དུས་ཐོག་ཏུ་ལུས་ཕུང་ལ་བདག་སྐྱོང་བྱེད་པ།
ལོ་སར་སྐབས་སུ་ཟས་ལ་བཅུད་འདུས་ཤིང་ངལ་གསོའི་ཆོས་ཉིད་བརྩི་སྲུང་མ་བྱས་པས། མཚེར་བ་དང་ཕོ་བའི་ཁུར་བོ་ཇེ་ལྕི་རུ་འགྲོ་བ་དང་། ཟས་གསོག་པ་དང་རློན་འབྲུམ་ཚབས་ཆེ་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད་པས། མིའི་ལུས་ཕུང་གི་ཚ་གྲང་དོ་མཉམ་ཡོང་བར་བསྐྱར་དུ་ལེགས་སྒྲིག་བྱ་དགོས།

དཔྱིད་དུས་དྲོད་ཚད་འཕར་བ་དང་བརླན་ཚད་ཇེ་མཐོར་འགྲོ་བས། ཉ་དང་ཆུ་འབུ། མཚོ་ཟས་སོགས་ཀྱི་ཟས་རིགས་ལྟོས་བཅས་ཀྱིས་རུལ་སླ། གལ་ཏེ་ལོ་སར་གྱི་རྗེས་སུ་ལུས་ཕུང་ངལ་ཞིང་དུབ་པའི་དབང་གིས་རིམས་འགོག་ནུས་པ་ཇེ་ཞན་དུ་སོང་ན། ནད་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།
རྒྱུན་ལྡན་གྱི་སྙོམ་སྒྲིག་བྱེད་ཐབས།
གཙང་སེལ།(ཚ་བརླན་སེལ་བ) ཕྱི་དྲོར་ལུག་མིག་འཕང་འབྲས་ཀྱི་ཇའམ་སྲན་དམར་འབྲས་ཁུ་འོས་འཚམ་འཐུང་ན། ལུས་པོར་བསོགས་པའི་ཚ་བ་དང་བརླན་ཆ་གཙང་སེལ་བྱེད་ཐུབ།
སྙོམས་པ།(མཆིན་མཚེར་སྙོམས་པ) རྒྱ་སེ་སིལ་དམར་གྱི་ཇ་འཐུང་ན་མཆིན་པ་བདེ་ཞིང་ཁམས་དྭངས་ལ། མཚེར་བ་བཟང་ཞིང་ཁྲག་ཟུངས་གསོ་ཐུབ།
འཕུར་གནོན།(འཕུར་གནོན་གྱིས་ལུས་ཁམས་སྲུང་བ) ཉིན་རེར་སྐར་མ3ནས5བར་རྐང་བའི་གསང་མིག་ལ་འཕུར་གནོན་བྱས་ན། མཚེར་བ་དང་ཕོ་བ་བདེ་ཞིང་སྲོག་རླུང་ཁ་གསབ་བྱེད་པར་ཕན། མ་གཉིད་པའི་སྔོན་དུ་རྩིབ་མར་འཕུར་གནོན་བྱས་ན་མཆིན་པ་བདེ་བ་དང་རླུང་གསོ་བར་རོགས་རམ་བྱེད་ཐུབ།
ངལ་གསོ།(ཆོས་ཉིད་དང་བསྟུན་ནས་ངལ་གསོ་བྱེད་པ) ཆོས་ཉིད་དང་མཐུན་པའི་ངལ་གསོ་བྱེད་ཐབས་ཅི་ནུས་ཀྱིས་སླར་གསོ་བྱས་ཏེ། དགོང་མོའི་ཆུ་ཚོད11:00སྔོན་དུ་གཉིད་དེ། དཔྱིད་དུས་ཀྱི་ལུས་ཟུངས་གསོ་བའི་དུས་བབ་དང་བསྟུན་དགོས།