མཚོ་བྱང་རྐང་ཚས་ཕན་བདེའི་ཞིབ་ཐོ་ཡིས་དམངས་སེམས་དྲོས། ཕྱུག་འགྱུར་ལམ་སྟོན་གྱིས་ཡོང་སྒོ་འཕར་བར་རམ་འདེགས་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ3པའི་ཚེས18ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དང་རྐང་ཚ་རྫོང་ཨུའི་ཏང་གི་སློབ་གྲྭ་སོགས་སྡེ་ཁག་མཉམ་འབྲེལ་བྱས་ཏེ་སྐྱིད་སྨོན་ཡུལ་ཚོ་ཕྱུག་ནོར་གོང་མ་སྡེ་བར“སྲིད་ཇུས་སྒྲོག་འགྲེལ་དང་དམངས་ཕན་ཞབས་ཞུའི”རྣམ་པའི་ལས་བྱེད་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ་ཞིང་། ཡིག་ཆ་དང་པོའི་དགོངས་དོན་དེ་མི་དམངས་མང་ཚོགས་ཀྱིས་གོ་སླ་ལ་བཀོལ་ཆོག་པའི“ཕན་བདེའི་ཞིབ་ཐོ”དང“ཕྱུག་འགྱུར་ལམ་སྟོན”དུ་བསྒྱུར།

བྱེད་སྒོའི་ཡུལ་དངོས་སུ། རྐང་ཚ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཞི་རིམ་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བླང་བྱར་ཟུང་དུ་སྦྲེལ་ནས་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་ཁ་ཕྱོགས་ནས<<གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་སྤྱོད་གཙང་འགན་སྒྲུབ་ཀྱི་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར>>ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྡེ་བའི་ལས་བྱེད་པས་སྣེ་ཁྲིད་དེ་སྲིད་ཇུས་སློབ་སྦྱོང་དང་སྒྲིག་ལམ་བརྩི་སྲུང་། འཇོན་ཐང་ཆེར་གཏོང་བཅས་ལ་ཁྲིད་སྟོན་བྱས་ནས་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་དང་གྲོང་གསེབ་བཅོས་སྐྱོང་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པར་ཁྲིད་སྟོན་བྱས། རྫོང་ཨུའི་ཏང་གི་སློབ་གྲྭའི་སྐད་གཉིས་དགེ་རྒན་གྱིས་སྲིད་ཇུས་བོད་སྐད་ཀྱི་གོ་སླ་ལ་ཉན་སྤྲོ་བའི་སྒོ་ནས་སྒྲོག་འགྲེལ་བྱས། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་རྒན་གསོ་དང་སྨན་བཅོས་འགན་བཅོལ། ལས་ཞུགས་ལས་གཏོད་སོགས་དམངས་ཚིས་ལ་དམིགས་ཏེ་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་འགན་བཅོལ་ལ་ཞུགས་པའི་ཁེ་བཟང་དང་ཕན་འབྲས་འགྲེལ་བཤད་དང་ངོ་སྤྲོད་བྱས་ལ། ངོ་ཐུག་གདོང་འཕྲད་ཀྱིས་དོགས་གཞིར་ལན་འདེབས་པ་དང་སྒྲུབ་གཉེར་བརྒྱུད་རིམ་ལ་མཛུབ་ཁྲིད་བྱས་ཏེ་མང་ཚོགས་ཀྱི་སྒོ་འགྲམ་དུ་དམངས་འཚོའི་ཞབས་ཞུ་བསྒྲུབས།

ཐེངས་འདིའི་བྱེད་སྒོའི་ཁྲོད། རྐང་ཚ་རྫོང་གི་ཞིང་འབྲོག་ཁུལ་འཕེལ་རྒྱས་ཀྱི་དོན་དངོས་དང་རོང་འབྲོག་པའི་སེམས་ཁུར་བྱེད་བཞིན་པའི་གནད་དོན་ལ་གཞིགས་ནས། ཡིག་ཆ་དང་པོ་ཡིག་ངོས་ལས་ཁ་སྐད་དུ་བསྒྱུར་ནས་འབྲུ་རིགས་བདེ་འཇགས་དང་ནོར་ལུག་ཐོན་ལས་ཀྱི་ཁ་གསབ་སོགས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་ཇུས་གསལ་བཤད་ཡག་པོ་བྱས་ཏེ། གཞི་རིམ་མང་ཚོགས་ལ་སྐྱེ་ཁམས་སྲུང་བར་བརྟེན་ནས་འཕེལ་རྒྱས་ཀྱི་རྨང་རྡོ་ཇེ་བརྟན་དུ་གཏོང་བ་དང་། ཐོན་ལས་དར་རྒྱས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ། དམངས་འཚོར་ཕན་འདོགས་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ། བཅོས་སྐྱོང་ལ་བརྟེན་ནས་གོང་འཕེལ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བར་ཁྲིད་སྟོན་བྱས་ཏེ་སྲིད་ཇུས་ཀྱི་དགེ་མཚན་དེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བའི་ལག་ཆ་དངོས་མར་བསྒྱུར་རྒྱུ།