རྐང་ཚ་རྫོང་གི་ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་ཐོབ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་དང་མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་གསར་སྤེལ་གཅིག་སྡུད་ཁུལ་གཏོད་པའི་འཐབ་ཇུས་བཀོད་སྒྲིག་ནང་རང་འགུལ་གྱིས་ཞུགས་ནས།ལྗང་མདོག་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་རླུང་འོད་ཐོན་ཁུངས་ཐོན་ལས་གཏོད་དེ་རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“ལྗང་མདོག་སྒུལ་འཁོར”སྒྲིག་སྦྱོར་བྱས་ཏེ། རྫོང་ཡོངས་ཀྱི་ནུས་ཁུངས་གསར་བའི་སྒྲིག་སྦྱོར་འཕྲུལ་འཁོར་བསྡོམས་འབོར་སྟོང་ཝ་ཁྲི138.05ཟིན་པའི་ནང་འོད་ཤུགས་སྟོང་ཝ་ཁྲི131.6དང་རླུང་ནུས་སྟོང་ཝ་ཁྲི6.45ཟིན་ནས་སྟོང་ཝ་ཁྲི་བརྒྱ་ཡི་འགག་སྒོ་ཆེན་པོ་གྲུབ་འབྲས་ཐོབ་པའི་ངང་སྒྲོལ་ཐུབ་པ་དང་། ལོ་རེར་གློག་གཏོང་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར15ལས་བརྒལ་ཏེ། ཁུལ་ཡོངས་ཀྱི་ཆུ་གློག་མ་ཡིན་པའི་ནུས་ཁུངས་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་བསྡོམས་འབོར89.3%བཟུང་ཞིང་། མཚོ་བྱང་ཁུལ་གྱིས་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གཙང་བའི་ཐོན་ལས་རྟེན་གཞི་གཏོད་པའི་འཐབ་ར་གཙོ་བོར་གྱུར་ཡོད།
འཆར་འགོད་སྣེ་ཁྲིད་མདུན་གྲལ་དུ་སླེབས་པ། ཁུལ་ཡོངས་ཀྱིས《རྐང་ཚ་རྫོང་ནུས་ཁུངས་གསར་བའི་འཆར་འགོད》སྔོན་ལ་བཟོས་ནས་ལེགས་འགྲུབ་བྱུང་ཞིང་། ཆུ་ཁོལ་དང་སྤྱང་ཚང་། བྲ་སོག་སོགས་ས་ཁུལ་དུ་ཉི་འོད་ཕོག་ཚད་ཡུན་རིང་བ་དང་། རླུང་ཤུགས་ཐོན་ཁུངས་འདུས་ཚད་ཆེ་བ་བཅས་ཀྱི་ཁྱད་ཆོས་སྤྱད་དེ། ནུས་ཤུགས་ཡོད་རྒུས་འོད་ཤུགས་གླིང་ཁུལ2དང་རླུང་གློག་མཉམ་སྤྱོད་ཁང1བཏོད་ནས། སྐབས་དེར་ནུས་ཁུངས་གསར་བའི་སྤྱིའི་གློག་འདོན་ཤོང་ཚད་སྟོང་ཝ་ཁྲི1800ཟིན་ཡོད་པ་དང་། འཆར་འགོད་ཚང་མར་ཞིང་ཆེན་དང་ཁུལ། རྫོང་གི་རྒྱལ་ཁོངས་བར་སྟོང་འཆར་འགོད་ནང་བཅུག་ནས་ཁུལ་ཡོངས་ཀྱི་རྫོང་ཁག་སོ་སོའི་མདུན་གྲལ་དུ་སླེབས་འདུག
གཙོ་གནད་རྣམ་གྲངས་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་། ནུས་ཁུངས་གསར་བའི་གཏན་འབེབས་ཀྱི་ཁེ་ལས8ལ་གྲུབ་འབྲས་ཐོབ་པ་དང་། བྲ་སོག་ལ་དུས་ཐེངས་གཉིས་པའི་སྟོང་ཝ་ཁྲི15ཡི་རྣམ་གྲངས་མགྱོགས་མྱུར་ངང་ལས་འགོ་ཚུགས་རྒྱུ་དང་། ཀྲུང་གོ་ཉིང་རྡུལ་ཧུའེ་ནུས་“འོད་ཕྱུགས་མཉམ་སྤྱོད”ཀྱི་རྣམ་གྲངས་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པ་དང་། རྒྱལ་ཁབ་གློག་ཤུགས་ཀྱི་རྡོ་སོལ་སྔོག་འདོན་རྡིབ་ཁུལ་གྱི་རྣམ་གྲངས་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི“གནོད་མེད་གློག་སྐྱེལ”སྟོང་ཝ་ཁྲི65ཡི་རླུང་ཤུགས་གློག་གཏོང་གི་རྣམ་གྲངས་དེ་ཐོག་མའི་ཆོག་མཆན་རྐང་ཚར་དངོས་འབེབས་བྱས་པ་ཡིན། མཚོ་སྔོན་གྱི་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་སྐོར་དྲ་བྱང་བགྲོད་ལམ་གྱི་འགག་རྩའི་ལྟེ་གནས་ཆུ་ཁོལ་སྟོང་ཧྥུ750ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ཞིབ་འཇུག་དང་ཇུས་འགོད་ཞིབ་བཤེར་བདེ་བླག་ངང་ལེགས་འགྲུབ་བྱུང་ནས2027ལོར་འཁོར་སྐྱོད་བྱེད་འགོ་འཛུགས་རྒྱུ་དང་།སྐབས་དེར་ཁུལ་ཡོངས་ཀྱི་དྲ་ཞུགས་ཤོང་ཚད་སྟོང་ཝ་ཁྲི400གསར་དུ་འཕར་ནས་ནུས་ཁུངས་གསར་བའི་གློག་ཤུགས་དེ་མཚོ་སྔོན་གྱི་དྲ་རྒྱ་གཙོ་བོར་ཕན་ནུས་ཆེན་པོའི་སྦྲེལ་མཐུད་བྱས་པ་དང་། ཁུལ་ཡོངས་ཀྱི་ནུས་ཁུངས་གསར་བ་ཕྱིར་སྐྱེལ་བའི་བགྲོད་ལམ་ཤར་གཏོང་བྱ་རྒྱུ་ཡིན།
ཐོན་ལས་འབྲེལ་ཐག་རིམ་བཞིན་འཐུས་ཚང་དུ་གཏོང་བ། “ཤོང་ཚད་ཆེ་རུ་གཏོང་བ་དང་། ཕྱི་ཕྱོགས་སུ་སྐྱེལ་ཤུགས་ཆེ་རུ་གཏོང་བ། ཐོན་ལས་ནང་འདྲེན། ས་གནས་དེ་གར་དངུལ་སྨར་འགྱུར་བ”བཅས་ཐབས་ལམ་གཉིས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་སྟེ། ནུས་ཤུགས་ཡོད་རྒུས་འོད་ཤུགས་དང་རླུང་ནུས་གློག་གཏོང་ལ་སྐུལ་འདེད་གཏོང་བ་དང་བསྟུན་ནས། ཁུལ་ཡོངས་ཀྱི་ནུས་གསོག་གློག་ཁང་དང་པོ་དེ་སྤྱོད་འགོ་ཚུགས་པ་དང་། རྫོང་གི་ཕྱོགས་བསྡུས་ནུས་ཁུངས་མཁོ་སྤྲོད་ས་ཚིགས(ཆིང་དང་གློག སྣུམ། ཞབས་ཞུ་གཞི་གཅིག་ས་ཚིགས)ཀྱི་འཛུགས་སྐྲུན་རྣམ་གྲངས་ལེགས་འགྲུབ་བྱུང་བ་དང་། རྫོང་ཡོངས་སུ་དྲོད་ལེན་གཙང་མ་ཁྱབ་རྒྱུ་མངོན་འགྱུར་བྱུང་ནས་ནུས་ཁུངས་གཙང་མ“འདོན་སྤེལ་དང་གསོག་འཇོག བེད་སྤྱོད”བཅས་ཀྱི་གདུབ་ཟུམ་མ་ལག་རིམ་བཞིན་ཆགས་པ་ཡིན།
དམངས་དོན་དམངས་ཕན་དར་རྒྱས་ལ་རོགས་འདེགས་བྱེད་དགོས། ནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་ཇེ་མགྱོགས་སུ་གཏོང་བ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་པར་སྐུལ་འདེད་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཏུ་བརྩིས་ཏེ། སྔོན་ལ་སྡེ་བ4ཡི་ཁང་ཀླད་ཁྱབ་ཚུལ་རྣམ་པའི་འོད་ཝོལ་རྣམ་གྲངས་ལག་བསྟར་བྱས་ཤིང་། སྤྱིའི་གློག་སྦྱོར་འཕྲུལ་འཁོར་ཤོང་ཚད་སྟོང་ཝ1004.09ཟིན་པ་དང་། ལོ་རེར་གློག་གཏོང་ཚད་ཆུ་ཚོད་རེར་སྟོང་ཝ་ཁྲི180ཟིན། ལོ་རེར་སྡེ་བ་ཐུན་མོང་ལ་ཡོང་འབབ་སྒོར་ཁྲི38.8འཕར་བ་དང་། གྲོང་གསེབ་དར་སྤེལ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་བར་ཕན་ནུས་ཐོན་ཡོད།