网站无障碍
རྐང་ཚ་རྫོང་གི་སྟོང་ཧྥུའུ750ཟིན་པའི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ཐོག་མར་དངོས་སུ་ཆོག་མཆན་ཐོབ།
发布时间:2026年04月27日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

  ཉེ་ལམ་རྐང་ཚ་རྫོང་ཆུ་ཁོལ་གྱི་སྟོང་ཧྥུའུ750ཟིན་པའི་གློག་སྐྱེལ་གློག་སྒྱུར་ལས་གྲྭར་དངོས་སུ་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུའི་ཆོག་མཆན་ཐོབ། དེ་ཡིས་ལས་གྲྭ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་ཚུགས་པ་ཤེས་ཐུབ་ལ། ལས་གྲྭ་འདི་ནི་མཚོ་སྔོན་གློག་དྲའི་བྱང་རྒྱུད་ཀྱི་ལྟེ་ཚིགས་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དང་། བསྐྲུན་རྗེས་རྐང་ཚ་དང་དེ་བཞིན་མཚོ་བྱང་ས་ཁུལ་གྱི་ནུས་ཁོངས་གསར་པ་ཕྱིར་སྐྱེལ་བའི་ནུས་པ་མངོན་གསལ་གྱིས་ཆེ་རུ་ཕྱིན་ནས་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་ཁོངས་གཙང་མའི་ཐོན་ལས་ཀྱི་ས་མཐོ་སྐྲུན་པར་སྲ་ཞིང་བརྟན་པའི་གློག་ཤུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་རེད།

    ལས་གྲྭར་སྔོན་དཔག་བྱས་ན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར26བཏང་ནས་དུས་མཇུག་ཏུ་ཀྲའོ2100ཟིན་པའི་གཙོ་སྒྱུར4འཆར་འགོད་འཛུགས་སྐྲུན་བྱེད་རྒྱུ་རེད། སྟོང་ཧྥུའུ750ཅན་གློག་སྐུད10དང་སྟོང་ཧྥུའུ330ཅན་གྱི་གློག་སྐུད24འཐེན་རྒྱུ་ཡིན་པར་མ་ཟད། ཧེ་རྡགགི་སྟོང་ཧྥུའུ750ཅན་གྱི་གློག་སྒྱུར་ས་ཚིགས་དང་སྟོང་ཧྥུ750ཅན་གྱི་གློག་སྒྱུར་ས་ཚིགས2རྒྱས་སྐྲུན་བྱས་། ཐེངས་འདིར་ཀྲའོ2100ཟིན་པའི་གཙོ་སྒྱུར2དང་སྟོང་ཧྥུའུ750ཅན་སྐུད་ལམ2ཧེ་རྡགལ་འཐེན་པ། སྟོང་ཧྥུའུ330ཅན་གྱི་གློག་སྐུད16འཐེན་པས་ལམ་ཐིག་གི་སྤྱིའི་རིང་ཚད་སྤྱི་ལེ268ཟིན་ཡོད།

    རྐང་ཚའི་མངའ་ཁོངས་ཀྱི་སྟོང་ཧྥུ750ཅན་གྱི་གློག་སྒྱུར་ས་ཚིགས་ཐོག་མ་ཡིན་པའི་ཆ་ནས། ལས་གྲྭ་སྐུལ་འདེད་བྱེད་པའི་གོ་རིམ་ཁྲོད་དུ་རྐང་ཚ་རྫོང་གིས་ཚད་མཐོའི་མཐོང་ཆེན་དང་གོ་གནས་མཐོ་བའི་བཀོད་སྒྲིག ཕན་ནུས་ཆེ་བའི་དོན་འཁྱོལ་བྱས་ཏེ། ཁོངས་གཏོགས་ས་ཆའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ནས་སྲིད་གཞུང་དང་ཁེ་ལས་མཉམ་སྒྲུབ་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ། དུས་ཚོད་ཀྱི་མཚམས་ཚིགས་ཚོད་འཛིན་ནན་པོ་བྱས་ནས་དུས་འགོའི་ལས་ཀའི་མྱུར་ཚད་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཤུགས་ཀུང་སི་དང་ཇུས་འགོད་སྡེ་ཁག་ལ་མཐུན་སྦྱོར་དམ་ཟབ་བྱས་ནས་ཡུལ་དངོས་སུ་དངོས་ཞིབ་དང་ས་གནས་འདེམས་པའི་བརྟག་ཞིབ་ཐེངས་མང་བྱས་ཤིང་། ས་ཚིགས་གནས་ཡུལ་དང་སྐུད་ལམ་གྱི་ལམ་ཐིག་དང་འབྲེལ་བ་ཡོད་པའི་སའི་ངོ་བོ་དང་། ཡུན་རིང་གི་གཞི་རྩའི་ཞིང་ རྩྭ་ཐང་། རང་བྱུང་སྲུང་སྐྱོང་ཁུལ། ཆུ་ཁུངས་སྲུང་སྐྱོང་ཁུལ། རིག་དངོས་སྲུང་སྐྱོང་ཁུལ་སོགས་ཚོར་སྐྱེན་ས་ཁོངས་ལ་རེ་རེ་བཞིན་ཞིབ་བཤེར་དང་རིགས་པས་ཁུངས་སྐྱེལ་བྱས་ནས་འཛུགས་སྐྲུན་གྱི་ཆ་རྐྱེན་ཁག་དོན་འཁྱོལ་ཏན་ཏིག་བྱས་ཡོད།

     ལས་གྲྭ་འགྲུབ་ནས་འཁོར་སྐྱོད་བྱས་རྗེས། ས་ཁོངས་ཀྱི་ནུས་ཁོངས་གསར་པའི་དྲ་སྦྲེལ་དགོས་མཁོ་སྐོང་ཐུབ་པར་བྱས་ཏེ། ནུས་ཁོངས་གསར་པའི་ལས་གྲྭ་དང་སྤྱོད་མཁན་སྣ་ཚོགས་ལ་བློས་འགེལ་ཆོག་པའི་མཐུད་སྣེ་མཁོ་འདོན་བྱེད་རྒྱུ་མ་ཟད། ནུས་ཁོངས་གསར་པ་ཕྱིར་སྐྱེལ་བའི་གཞི་ཁྱོན་དང་ལས་ཕྱོད་སྔར་བས་ཆེ་རུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག་ས་ཁོངས་གློག་དྲའི་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་རྐང་ཚ་ས་ཁུལ་གྱི་སྟོང་ཧྥུའུ330གློག་དྲ་ལེགས་སྒྱུར་རིམ་སྤོར་ལ་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཏེ་ས་ཁོངས་ཀྱི་གློག་མཁོ་འདོན་གྱི་བློས་འགེལ་རང་བཞིན་དང་གློག་མཁོ་འདོན་གྱི་འགན་ལེན་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུ་རེད།