མཚོ་སྔོན་རྐང་ཚས“ཕྱོགས་གསུམ་གཞི་གཅིག”གི་བདེ་འཇགས་འགོག་སྲུང་མ་ལག་བསྐྲུན་ནས་སློབ་གྲྭའི་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཏེ་བདེ་འཇགས་དང་གོ་རིམ་ལྡན་པའི་མི་གསོ་སྐྱོང་གི་ཁོར་ཡུག་ཅིག་སྐྲུན་ཆེད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་མང་ཚོགས་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་གོ་སྐབས་སུ་བྱས་ནས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་སློབ་གསོ་དང་སྤྱི་བདེ། ཚོང་ར་ལྟ་སྐུལ་དོ་དམ། ཕྱོགས་བསྡུས་ཁྲིམས་བསྟར་སོགས་སྡེ་ཁག་མང་པོའི་སྟོབས་ཤུགས་གཅིག་གྱུར་གྱིས་འཆར་འགོད་དང་། ཆེད་དོན་བཅོས་སྐྱོང་བྱ་སྤྱོད་སྤེལ་འགོ་བཙུགས་ཏེ་སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ཀྱིས་མཉམ་དུ་སློབ་གྲྭ་སྲུང་སྐྱོང་བྱེད་པར་སྐུལ་འདེད་བཏང་།
སློབ་གྲྭས་སྣེ་ཁྲིད་དེ་སློབ་གྲྭའི་གཡུལ་ས་གཙོ་བོ་ཇེ་བརྟན་དུ་བཏང་། སློབ་གྲྭ་ཁག་གིས་སློབ་གྲྭའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་ཏང་ཡོན་གྱི་གདོང་ལེན་ལས་གནས་བཙུགས་ནས་ཆུ་ཚོད་ཉེར་བཞིའི་སྐོར་གཡེང་ཞིབ་བཤེར་བྱས་པ་དང་། རྒྱུན་རྣམ་ཅན་གྱི་སེམས་བརྗེ་གླེང་མོལ་བྱས་ཏེ་སློབ་མའི་རྒྱུན་གཏན་གྱི་བྱ་སྤྱོད་ཚད་ལྡན་དུ་བཏང་། སྒོ་བཀག་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་མེད་མི་སྣ་དང་ཉེན་ཡོད་དངོས་རྫས་ནང་འཁྱེར་རྒྱུ་གཏན་འགོག་བྱས། དུས་བཀག་ལྟར་མེ་ཟོན་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་བཅོས་སྒྲིག་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་ནང་སྦྱོང་སྒྲིག་འཛུགས་བྱས་ཏེ་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་། བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་གསོག་ཉར། ལས་སྣོན། མ་དཔེ་འཇོག་པ། ཞིབ་བཤེར་སོགས་ལྷུ་ཚིགས་ཁག་གི་བརྒྱུད་རིམ་ཚད་ལྡན་དུ་བཏང་ནས་བཟའ་བཏུང་གི་བདེ་འཇགས་སྲུང་སྐྱོང་བྱས། འཇིགས་རྒོལ་གཏུམ་འགོག་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཇིགས་རྒོལ་གཏུམ་འགོག་ཡོ་བྱད་འདང་ངེས་སྒྲིག་སྦྱོར་བྱས་ཏེ་སློབ་གྲྭའི་བདེ་འཇགས་སྔོན་འགོག་ཚོད་འཛིན་གྱི་ཆུ་ཚད་ཇེ་མཐོར་བཏང་། སེམས་ཁམས་ཟུར་ཁྲིད་ཁང་འཛུགས་པ་དང་། སེམས་ཁམས་དགེ་རྒན་བཀོད་སྒྲིག་བྱས་ཏེ་སེམས་ཁམས་བདེ་ཐང་གི་སློབ་གསོའི་སློབ་ཚན་དང་སེམས་ཁམས་ཁྲིད་སྟོན། ཉམས་ཉེན་ལ་ཐེ་ཇུས་བཅས་ཀྱི་ལས་དོན་རྒྱུན་རྣམ་ཅན་དུ་སྤེལ་ནས་སློབ་མའི་སེམས་ཁམས་ཀྱི་འགལ་རྐྱེན་དུས་ཐོག་ཏུ་སེལ།
ཁྱིམ་ཚང་གིས་སྲུང་སྐྱེལ་བྱས་ནས་སློབ་སྲུང་བདེ་འཇགས་དྲ་བ་བཟོས། ཡུལ་ཚོ་དང་གྲོང་རྡལ། སློབ་གསོའི་སྡེ་ཁག སློབ་གྲྭ་བཅས་ཀྱི་སྟོབས་ཤུགས་ཧྲག་པོ་སྒྲིག་འཛུགས་བྱས་ནས་ཁྱིམ་ཚང་དུ་ཐེངས200ལྷག་སོང་ལ། དྲིལ་བསྒྲགས་ཡིག་ཆ་ཐེངས1000ལྷག་བཀྲམ། ཁྱིམ་བདག་ཚོགས་འདུ་ཐེངས30ལྷག་འཚོགས་ནས་ཁྱིམ་བདག་ལ་སློབ་གྲྭའི་བདེ་འཇགས་དང་། ཆུར་ལྷུང་བ་སྔོན་འགོག འགྲིམ་འགྲུལ་བདེ་འཇགས། གློག་འཕྲིན་གཡོ་སླུ་སྔོན་འགོག སེམས་ཁམས་བདེ་ཐང་། སློབ་མཚམས་འཇོག་པར་ཚོད་འཛིན་དང་སློབ་སྦྱོང་འགན་སྲུང་སོགས་ཐད་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་བ་དང་། ཁྱིམ་བདག་གིས་ཁྱིམ་ཚང་གི་སློབ་གསོ་དང་ལྟ་སྐྱོང་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པར་ཁྲིད་སྟོན་བྱས། རང་འགུལ་ངང་བདེ་འཇགས་འགོག་སྲུང་གི་འབྲེལ་ཡོད་རྒྱུན་ཤེས་སློབ་སྦྱོང་བྱས་ཏེ་བྱིས་པར་བདེ་འཇགས་སློབ་གསོ་དང་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བྱིས་པའི་སེམས་ཁམས་བདེ་ཐང་དང་སློབ་ཕྱིའི་འགྲོ་འོང་ལ་དོ་ཁུར་ཆེན་པོ་བྱེད་དགོས། དེ་དང་ཆབས་ཅིག་ཁྱིམ་ཚང་དང་སློབ་གྲྭའི་འབྲེལ་ལམ་ཤར་གཏོང་བྱས་ཏེ་ཁྱིམ་བདག་གིས་རང་འགུལ་ངང་སློབ་གྲྭ་དང་འབྲེལ་ཡོད་སྡེ་ཁག་ལ་སློབ་གྲྭའི་མཐའ་འཁོར་དུ་གནས་པའི་བདེ་འཇགས་ཀྱི་བྱུར་རྐྱེན་ཕྱིར་སློག་བྱ་རྒྱུར་སྐུལ་མ་གཏོང་བ་དང་། སློབ་གྲྭའི་བདེ་འཇགས་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་ནས་ཁྱིམ་ཚང་དང་སློབ་གྲྭས་མཉམ་དུ་སློབ་གྲྭའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་བཟང་པོ་ཞིག་ཆགས་པར་བྱེད་དགོས།
སྤྱི་ཚོགས་མཉམ་སྐྱོང་བྱས་ནས་སློབ་གྲྭ་སྲུང་སྐྱོང་གི་འགན་འཁྲིའི་འབྲེལ་ཐག་ཇེ་དམ་དུ་བཏང་། བདེ་འཇགས་སྔོན་འགོག་ཚོད་འཛིན་དང་འགྲིམ་འགྲུལ་སྒྲིག་ལམ། ཟས་རིགས་བདེ་འཇགས། རིག་གནས་ཁོར་ཡུག་སོགས་འགག་རྩའི་ལྷུ་ཚིགས་ལ་རྩེ་གཅིག་ཏུ་དམིགས་ནས་ནར་མ་སོན་པའི་མིར་ཐ་མག་དང་ཆང་རིགས་ཀྱི་ཐོན་རྫས་འཚོང་བ་དང་། དེ་བཞིན་ནར་མ་སོན་པའི་མི་སྒྲིག་འགལ་གྱིས་དྲ་ཁང་དང་། KTV ནང་མ་ཁང་སོགས་རོལ་རྩེད་ཁང་དུ་འགྲོ་བ་དང་སྒྲིག་འགལ་གྱིས་མགྲོན་ཁང་དུ་སྡོད་པ་སོགས་ཀྱི་གནད་དོན་མངོན་གསལ་ཅན་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་ཐག་གཅོད་བྱས། སློབ་གྲྭའི་མཐའ་སྐོར་གྱི་ལམ་བཟུང་གཉེར་སྐྱོང་དང་། སྐོར་སྐྱོད་ཚོང་བ། གང་བྱུང་དུ་འདུག་པ་དང་གང་བྱུང་དུ་འཇོག་པ་སོགས་ཀྱི་སྣང་ཚུལ་ཁྱོན་ཡོངས་ནས་གཙང་བཤེར་བྱས། མཐའ་འཁོར་གྱི་ཚོང་ཁང་གིས་དུས་ཚོད་ཡོལ་བ་དང་ངོ་བོ་འགྱུར་བ། ཚད་ལྡན་མིན་པའི་བཟའ་བཅའ་དང་དེ་བཞིན་པར་དབང་རྐུ་སྤྱོད་ཀྱི་སློབ་ཁྲིད་ཟུར་ཁྲིད་ཀློག་དེབ། གནོད་ཡོད་རྩེད་ཆས་དང་རྒྱན་ཆ་སོགས་སྒྲིག་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས། མིག་སྔའི་བར་རིམ་རྩིས་བྱས་ན་མཉམ་འབྲེལ་ཁྲིམས་འཛིན་ཐེངས100ལྷག་ཙམ་བྱས་པ་དང་མཐའ་འཁོར་གྱི་གཉེར་སྐྱོང་བྱ་ཡུལ་ཐེངས200ལྷག་ཙམ་ལ་ཞིབ་བཤེར་བྱས་ལ། བདེ་འཇགས་ཀྱི་བྱུར་རྐྱེན་སྣ་ཚོགས30ལྷག་ཙམ་བཅོས་སྒྲིག་བྱས་ནས་སྒྲིག་འགལ་གཉེར་སྐྱོང་བྱ་ཡུལ4ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་རེད།
རྗེས་ཕྱོགས་རྐང་ཚ་རྫོང་གིས་སློབ་གྲྭའི་བདེ་འཇགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་འགན་འཁྲི་དོན་འཁྱོལ་གྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་སྡེ་ཁག་གི་མཉམ་འགུལ་རོགས་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཁག་གི་བདེ་འཇགས་དོ་དམ་གྱི་འགན་འཁྲི་ནན་དུ་གཏོང་བ་དང་ཕྱོགས་ཡོངས་ཀྱི་འགོག་སྲུང་ཞན་ཆ་རྒྱུན་ཆད་མེད་པར་གསབ་ནས་སློབ་གྲྭའི་བདེ་འཇགས་ཀྱི་ལས་དོན་ཁག་ཞིབ་ཚགས་དང་ཏན་ཏིག་བསྒྲུབས་ཏེ་རྒྱ་ཆེའི་དགེ་སློབ་ཚོར་དུས་བདེ་ཞི་མཐུན་གྱི་ཁོར་ཡུག་ཞིག་སྐྲུན་ནས་སློབ་མའི་བློ་བདེ་བ་དང་། ཁྱིམ་བདག་གི་སེམས་བདེ་བ། སྤྱི་ཚོགས་ཀྱི་ཡིད་ཚིམ་པར་བྱས།