རྐང་ཚ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྡེ་ཁག་མང་པོ་དང་མཉམ་འབྲེལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྒྲོག་འགྲེལ་བྱེད་སྒོ་སྤེལ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ5པའི་ཚེས7ཉིན། རྐང་ཚ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྐང་ཚ་རྫོང་སྐྱེ་ཁམས་ཁོར་ཡུག་ཅུ་དང་རྐང་ཚ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ཚལ་རྩྭ་ཐང་ཅུ། མཚོ་འཁྱིལ་ཡུལ་ཚོ་མི་དམངས་སྲིད་གཞུང་སོགས་སྡེ་ཁག་མང་པོ་དང་མཉམ་འབྲེལ་གྱིས་མཚོ་འཁྱིལ་ཡུལ་ཚོ་ཉ་ནག་སོ་མ་སྡེ་བར་སོང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་བཅོས་སྐྱོང་གི་སྒྲོག་འགྲེལ་བྱེད་སྒོ་སྤེལ།
ཉ་ནག་སོ་མའི་ཏང་ཡོན་བྱ་འགུལ་ཁང་དུ་སྡེ་ཁག་སོ་སོའི་ལས་སྒྲུབ་མི་སྣས་རང་འགན་རང་འཁུར་དང་གཞོགས་འདེགས་མཉམ་ལས་བྱས་ཏེ་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་འཕྲེད་དར་འགེལ་བ་དང་། རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་ལུགས་ཁྱབ་གདལ་བློ་འདྲིའི་གནས་འཛུགས་པ། སྒྲོག་འགྲེལ་ལག་དེབ་བཀྲམ་པ། ངོ་ཐུག་གདོང་འཕྲད་ངང་སྒྲོག་འགྲེལ་འགྲེལ་བཤད་རྒྱག་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་སྤེལ། སྒྲོག་འགྲེལ་ཀྱི་ནང་དོན་དེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་། ཁྲིམས་འགལ་ངང་གཏེར་ཁའི་ཐོན་ཁུངས་རྐུ་འདོན་བྱ་རྒྱུ་གཏན་འགོག བརླན་ས་དང་ཆུ་བོ། མཚེའུ་ཡི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་། བདག་ཏུ་མ་བཟུང་བའི་བྱ་རིགས་དང་དེ་བཞིན་དུ་རྩ་ཆེའི་སྲོག་ཆགས་སྲུང་སྐྱོང་། ཐོན་སྐྱེད་དང་འཚོ་བའི་གད་སྙིགས་ཚད་ལྡན་ངང་གཙང་བཅོས། ཞིང་ལས་ཁ་གཏིང་གཉིས་ཀྱི་སྦགས་བཙོག་འགོག་བཅོས་སོགས་ལྟེ་བའི་ནང་དོན་གཙོ་གནད་དུ་དམིགས་ཏེ། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས>> <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས>> <<བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས>>སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་དང་། ས་གནས་དེའི་སྐྱེ་ཁམས་ཁོར་ཡུག་གི་སྤྱི་ཕན་གཏུག་བཤེར་གྱི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་ཤེས་སླའི་སྐད་ཆའི་ལམ་ནས་རྩྭ་ཐང་གི་སྔོ་ཁེབས་ལ་གཏོར་བཤིག་གཏོང་བ་དང་ཁྲིམས་འགལ་ངང་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྔོན་རྒྱག་པ། བྱེ་རྡོའི་ཐོན་ཁུངས་རྐུ་ལེན་བྱེད་པ། གད་སྙིགས་གང་བྱུང་དུ་དབྱུགས་པ་སོགས་བྱ་སྤྱོད་ཀྱི་ཁྲིམས་ལུགས་འགན་འཁྲི་དང་མཇུག་འབྲས་ཚབས་ཆེན་འགྲེལ་བཤད་ཞིབ་ཚགས་བརྒྱབ་པ་དང་། མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་གི་ཐེར་འདོན་གོང་ཞུའི་ཐབས་ལམ་དང་སྤྱི་ཕན་གཏུག་བཤེར་གྱི་ཁེ་དབང་སྲུང་སྐྱོང་ཐབས་ལམ་གསལ་བཤད་ཁ་གསལ་བྱས་ཏེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོང་དང་ཡུན་རིང་འཕེལ་རྒྱས་དང་དམངས་འཚོའི་བདེ་སྐྱིད་བར་གྱི་འབྲེལ་བ་དམ་ཟབ་ཡིན་པ་ཤེས་སུ་བཅུག་ནས། རང་རྟོགས་ངང་ཁྲིམས་བཀུར་ཁྲིམས་སྲུང་བྱས་ཏེ། སྔོ་ལྗང་སྲུང་སྐྱོང་དང་སྔོ་ལྗང་ལ་དགའ་ཞེན་བྱེད་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་བཙུགས་ཏེ་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ནང་རང་འགུལ་ངང་ཞུགས་པར་སྐུལ་མ་བཏང་།
སྒྲོག་འགྲེལ་བརྒྱུད་རིམ་ཁྲོད། ལས་སྒྲུབ་མི་སྣས་མང་ཚོགས་ཀྱིས་བཏོན་པའི་སྐྱེ་ཁམས་སྲུང་སྐྱོང་སྲིད་ཇུས་དོན་འཁྱོལ་དང་རྒྱུན་གཏན་གྱི་དོ་དམ་སྲུང་སྐྱོང་བྱ་སྤྱོད་ཚད་ལྡན། བཅའ་ཁྲིམས་ཀྱི་འགན་འཁྲིའི་དབྱེ་མཚམས་སོགས་ཀྱི་དོགས་གཞིར་དམིགས་ནས་རེ་རེ་བཞིན་ངང་རྒྱུད་རིང་པོས་ལན་བཏབ་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དང་ཁྲིམས་སྐྱོང་འདུ་ཤེས། སྲིད་ཇུས་ཀྱི་བླང་བྱ་མང་ཚོགས་ཀྱི་རྣ་རྩར་སྐྱེལ་བ་དང་མང་ཚོགས་ཀྱི་སེམས་ངོགས་སུ་ཟུག་པར་བྱས་ནས་གཞི་རིམ་མང་ཚོགས་ཀྱི་སྐྱེ་ཁམས་ཁྲིམས་སྐྱོང་ཤེས་རྟོགས་རྨོངས་ཁུལ་ནུས་ལྡན་ངང་བསལ་བ་དང་། འགན་ནུས་སྡེ་ཁག་དང་གཞི་རིམ་མང་ཚོགས་དབར་གྱི་བར་ཐག་སྔར་བས་ཉེ་རུ་བཏང་ནས“སྐྱེ་ཁམས་སྲུང་སྐྱོང་ཐད་མི་ཚང་མར་འགན་འཁྲི་ཡོད་པ་དང་ལྗང་མདོག་ཁྱིམ་གཞིས་ཐུན་མོང་གིས་སྲུང་སྐྱོང་བྱེད་པའི”སྤྱི་ཚོགས་ཀྱི་མཁའ་དབུགས་གསར་བ་ཞིག་བསྐྲུན།
ཐེངས་འདིའི་སྡེ་ཁག་མང་པོ་མཉམ་འབྲེལ་གྱིས་སྒྲོག་འགྲེལ་བྱ་འགུལ་སྤེལ་བ་དེས་ཞིབ་དཔྱོད་ལྟ་སྐུལ་དང་སྲིད་འཛིན་ཁྲིམས་བསྟར། གཞི་རིམ་བཅོས་སྐྱོང་སོགས་ཕྱོགས་མང་པོའི་ལས་ཀའི་སྟོབས་ཤུགས་སྡེབ་སྒྲིག་ནུས་ལྡན་བྱས་པ་དང་། སྡེ་ཁག་ལས་བརྒལ་བའི་སྐྱེ་ཁམས་སྲུང་སྐྱོང་རོགས་ལས་མཉམ་འགུལ་ལམ་སྲོལ་གཏིང་ཟབ་ཏུ་བཏང་བས། གཞི་རིམ་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ཡོད་ལ། རྗེས་ཕྱོགས་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་དང་ཁྲིམས་བསྟར་ལྟ་སྐུལ། སྤྱི་ཕན་གཏུག་བཤེར་བཅས་རྒྱུན་རྣམ་ཅན་དུ་འགྱུར་བར་ཞིབ་དཔྱོད་ལས་དོན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད།
རྐང་ཚ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་ཞིབ་དཔྱོད་ཀྱི་འགན་འཁྲི་བརྟན་སྲུང་བྱས་ནས“ཏང་འཛུགས་སྐྱོང+སྐྱེ་ཁམས་ཞིབ་དཔྱོད”ལས་དོན་མཉམ་འདྲེས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་སྲིད་འཛིན་འགན་ནུས་ཚན་པ་ཁག་དང་གཞི་རིམ་གྱི་ཡུལ་གྲོང་ཁག་དང་རྒྱུན་རྣམ་ཅན་གྱི་མཉམ་ལས་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ“རི་བོ་དང་མཚེའུ། རྒོ་དམར། གསེར་ཉ། བྱ་རིགས”ཀྱི་སྤྱི་ཕན་གཏུག་བཤེར་སྐྱེ་ཁམས་ཞིབ་དཔྱོད་ཀྱི་ཟོང་རྟགས་ལ་བརྟེན་ནས། རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། རྩྭ་ཐང་གི་ཁོར་ཡུག་སྲུང་སྐྱོང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་ཞབས་ཞུ་དང་འགན་སྲུང་བྱེད་པར་དམིགས་ཏེ། རྒྱུན་ལྡན་ཅན་དུ་འགྱུར་བའི་སྒོ་ནས་ཁྲིམས་སྐྱོང་སྒྲོག་འགྲེལ་དང་ཁུངས་སྣེ་འཚོལ་ཞིབ་སོགས་ཀྱི་ལྟ་སྐུལ་འགན་སྒྲུབ་ལས་དོན་སྤེལ་བ་དང་། གནད་ལ་འཁེལ་ཞིང་ནུས་ལྡན་གྱི་ཞིབ་དཔྱོད་འགན་སྒྲུབ་ལ་བརྟེན་ནས་སྔོ་ཞིང་དྭངས་པའི་རི་ཀླུང་ཆུ་གསུམ་སྲུང་སྐྱོང་བྱས་ཏེ། རྫོང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་ཆེད་ཞིབ་དཔྱོད་སྟོབས་ཤུགས་སྐྱེས་སུ་འབུལ།