网站无障碍
མཚོ་སྔོན་རྐང་ཚས་གཅིག་འཐུས་རྣམ་པའི་ལས་གཉེར་འབབ་འཕར་གྱི་ལམ་བུ་དེ་ལས་ཡངས་པར་བྱ
发布时间:2026年05月19日 消息来源:

 རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

དེ་སྔའི་རྩྭ་ཐང་སྟེང་གི“རྫི་བོ”དཀྱུས་མ་ཞིག་ནས་དེང་སང་གང་སར་སྐད་གྲགས་ཡོད་པའི་ཕྱུག་འགྱུར་གྱི“སྣེ་ཁྲིད་པར”གྱུར་ཡོད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་དཔོན་ཚང་ཞོལ་མ་སྡེ་བའི་ཕྱུག་འགྱུར་སྣེ་ཁྲིད་པ་འབྲུག་ལྷ་རྒྱལ་གྱིས་རང་ཉིད་ཀྱི་འཚོ་བ་ཡར་ངོའི་ཟླ་བ་ཅི་བཞིན་གོང་ནས་གོང་དུ་འཕེལ་དུ་བཅུག་ཡོད་པར་མ་ཟད། ཡུལ་མི་སྤུན་ཟླ་ཚོ་ཁྲིད་དེ་རྩལ་ནུས་ལ་བརྟེན་ནས་ལས་ཀ་བྱེད་པ་དང་ཚོགས་པར་བརྟེན་ནས་འབབ་འཕར་ཡོང་བའི་ལམ་བུ་གསར་པ་ཞིག་བཏོད་དེ་འབྲོག་ཁུལ་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་གྱི་ལམ་བུ་ཇེ་བཟང་ཇེ་ལེགས་སུ་བཏང་།

ད་ལོར་འབྲུག་ལྷ་རྒྱལ་གྱིས་ལོ་མང་རིང་བསགས་པའི་བོད་ལུགས་མཛེས་སྤྲས་ལག་རྩལ་དང་ལས་རིགས་ཀྱི་བསྔགས་བརྗོད་བཟང་པོར་བརྟེན། སྔ་མོ་ནས་སི་ཁྲོན་རྔ་བ་རྫོང་གི་ཁང་བདག་དང་ལས་མིའི་མངགས་ཐོ་གསར་པ་གཏན་འཁེལ་བྱས་ལ། བོད་ལུགས་སྡོད་ཁང་དང་ཁྱད་ལྡན་མགྲོན་ཁང་སོགས་མཛེས་སྤྲས་ནང་དོན་མང་པོ་དང་འབྲེལ་བ་ཡོད། ན་ནིང་དང་བསྡུར་ན་ད་ཐེངས་ཕྱིར་ལས་ཀ་བྱེད་དུ་འགྲོ་མཁན་གྱི་དཔུང་ཁག་སྔར་ལས་ཇེ་མང་ཕྱིན་པ་དང་གཏན་འཇགས་ཤིང་བཟོའི་ཆེད་ལས་ལག་རྩལ་མི་སྣ13ཟིན་ཡོད། འབྲོག་པ་མང་ཚོགས་མི་ཉུང་བ་ཞིག་གིས་རང་འགུལ་ངང་མིང་ཐོ་བཀོད་དེ་དེའི་ནང་ཞུགས་པ་དང་ཚང་མས་འབབ་འཕར་ཕྱུག་འགྱུར་ཡོང་བའི་རེ་བ་བཅངས་ནས་འབྲུག་ལྷ་རྒྱལ་གྱི་སྣེ་ཁྲིད་འོག་རྡོག་ཁྲེས་བསྡུ་གསོག་རྒྱག་པ་དང་གྲ་སྒྲིག་བྱས་ནས་འགྲོ་རྒྱུར་སྒུག་ནས་བསྡད་ཡོད། འབྲུག་ལྷ་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན་ད་ཐེངས་སྔར་བཞིན་ཚང་མར་གླ་ཕོགས་དང་ཐོབ་ཐང་བརྟན་པོ་ཞིག་བརྩོན་ལེན་བྱས་པ་དང་མི་རེར་ཟླ་རེར་མ་མཐའི་འགན་ལེན་ཡོང་འབབ་སྒོར5000ལས་མི་དམའ་བ་དང་། ལག་རྩལ་བྱང་ཆུབ་པའི་བཟོ་པའི་གླ་ཕོགས་ད་དུང་སྔར་ལས་འཕར་ཐུབ་པར་མ་ཟད། ལས་ཡུན་དང་ཟ་སྡོད་སོགས་ཚང་མ་བཀོད་སྒྲིག་འོས་འཚམ་བྱས་ནས་ཚང་མ་ཕྱིར་ལས་ཀ་བྱེད་པར་སྐྱོད་སྐབས་སེམས་ཁྲལ་མེད་པར་བཟོས་ཡོད།

2023ལོ་ནས་ཡུལ་མི་སྤུན་ཟླ་ཚོ་ཁྲིད་ནས་ཕྱིར་ལས་ཀ་བྱེད་དུ་སོང་བ་ནས་བཟུང་། འབྲུག་ལྷ་རྒྱལ་གྱིས“མི་གཅིག་ཕྱུག་ན་ཕྱུག་པོ་མིན། ཚང་མ་ཕྱུག་ན་ཕྱུག་པོ་ཡིན”ཞེས་པའི་འདུ་ཤེས་དེ་བཟུང་ནས། ཕྱོགས་གཅིག་ནས་བོད་ལུགས་མཛེས་སྤྲས་ཀྱི་ལག་རྩལ་ཞིབ་ཚགས་སུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་སྦ་གསང་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཉེ་འགྲམ་གྱི་མང་ཚོགས་ལ་རྩལ་ནུས་བསླབས་ཏེ་འབྲོག་ཁུལ་གྱི་མང་ཚོགས་མང་པོས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པར་བྱས་ནས“ཕྱུགས་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བ”ནས“ལག་རྩལ་ལ་བརྟེན་ནས་འབབ་འཕར་ཡོང་བ་བྱེད་པའི”བར་འགྱུར་ལྡོག་ཡོང་བ་བྱས་པ་རེད། ཁོང་གི་སྣེ་ཁྲིད་འོག་འབྲོག་པ་མང་ཚོགས་མང་པོ་རྩྭ་ཐང་ནས་བརྒལ་ཏེ་ལས་ཡུལ་དུ་སོང་ཞིང་། ཕྱུགས་འཚོ་བའི་འཚོ་བ་རྐྱང་པ་དང་ཁ་བྲལ་ནས་ཕྱིར་ལས་ཀ་བྱེད་དུ་སོང་ནས་ཁྱིམ་ཚང་གི་ཡོང་འབབ་བདེ་བླག་ངང་འཕར་ཐུབ་ཡོད། ལས་ཀར་ཞུགས་མཁན་གྱི་འབྲོག་པ་མི་ཉུང་བ་ཞིག་གིས་འབྲུག་ལྷ་རྒྱལ་དང་མཉམ་དུ་ཕྱིར་ལས་ཀ་བྱེད་དུ་སོང་ཚེ་ལས་ཀ་ཡོད་ལ་ཁེ་བཟང་ཡོད། འགན་ལེན་ཡང་ཡོད། ལག་རྩལ་ཤེས་པར་མ་ཟད་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཇེ་བཟང་ནས་ཇེ་ལེགས་རེད་ཅེས་བཤད།

རྐང་ཚ་རྫོང་ལས་ཞུགས་ཞབས་ཞུ་ཅུ་ཡིས་ངལ་ནུས་ཕྱིར་གཏོང་གི་ཞབས་ཞུའི་འགན་ལེན་ལས་དོན་རྒྱུན་མཐུད་ངང་ཡག་པོ་བསྒྲུབས་ཏེ་རང་ཡུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་འབྲུག་ལྷ་རྒྱལ་ལྟ་བུའི་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་ལ་སྐུལ་འདེད་གཏོང་བ་གལ་ཆེན་ཞིག་ཏུ་བརྩིས་ནས་ལས་མིའི་དཔུང་ཁག་ལ་བརྒྱུད་རིམ་ཧྲིལ་པོར“གནས་དང་གནས། གཅིག་འཐུས་རྣམ་པའི”ཞབས་ཞུའི་རྒྱབ་སྐྱོར་མཁོ་འདོན་བྱས། འགྲོ་ཁར་རྫོང་ལས་ཞུགས་ཞབས་ཞུ་ཅུ་ཡིས་སླར་ཡང་ཕེབས་སྐྱེལ་ཞུ་བའི་མཛད་སྒོ་སྒྲིག་འཛུགས་བྱས་ཏེ་ལས་མིར་འཁྲུད་ཁུག་དང་སྟབས་བདེའི་ཐུག་པ། བག་ལེབ། ཆར་གོས་སོགས་འཛོམས་པའི“ལས་མིའི་སེམས་དྲོད་ཁུག་མ”བྱིན་པ་རེད། དེ་དང་ཆབས་ཅིག་ལས་མི་སྤྱོད་མཁན་གྱི་ཕྱོགས་དང་རུ་སྣེ་ཁྲིད་མཁན་བར་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ལམ་སྲོལ་བཙུགས་ཏེ། ལས་མིའི་ལས་ཀ་དང་འཚོ་བའི་གནས་ཚུལ་ལ་དུས་ཐོག་ཏུ་རྗེས་འདེད་གཏོང་བ། ལས་མི་བྱེད་པའི་བརྒྱུད་རིམ་ནང་ཐོན་སྲིད་པའི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ནས་ཕྱིར་ལས་ཀ་བྱེད་དུ་འགྲོ་མཁན་མང་ཚོགས་ལ་གཡས་གཞོགས་གཡོན་འདེགས་བྱས།

ཉེ་བའི་ལོ་ཤས་རིང་།རྐང་ཚ་རྫོང་གིས་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་ལས་ཞུགས་བྱ་རྒྱུ་དེ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་།གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་དཔྱིད་རླུང་བྱ་སྤྱོད་དངགནས་ཀྱིས་གནས་ལ་ངལ་ནུས་ཕྱིར་གཏོངསོགས་ཀྱི་ལས་དོན་དམ་འཛིན་བྱ་གཞིར་བྱས་ཏེ། རང་ཡུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ་དང་ཞིང་ཆེན་ཕྱི་ནང་གི་ལས་མི་སྤྱོད་པའི་ཁྲོམ་ར་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ངལ་ནུས་ཕྱིར་གཏོང་གི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ལ། ལས་ཞུགས་ཞབས་ཞུའི་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་། རྩལ་ནུས་གསོ་སྦྱོང་དང་སྲིད་ཇུས་ཀྱི་རོགས་སྐྱོར། ལས་སྟེགས་སྐྲུན་པ་སོགས་ཀྱི་བྱ་ཐབས་མང་པོ་སྤྱད་དེ་འབྲུག་ལྷ་རྒྱལ་ལྟ་བུའི་རང་ཡུལ་གྱི་ལས་གཉེར་སྣེ་ཁྲིད་པ་ཁག་གཅིག་གསོ་སྐྱོང་བྱས་ནས་རོང་འབྲོག་ཁུལ་གྱི་མང་ཚོགས་དེ་བས་མང་བ་རྩྭ་ཐང་ནས་བརྒལ་ཏེ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཏེ་ངལ་ནུས་ཕྱིར་གཏོང་བྱ་རྒྱུ་དེ་འབྲོག་ཁུལ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་ཡོད།