རྐང་ཚ་རྫོང་བོད་སྨན་ཁང་གིས་མཐོ་སྒང་སྨན་རྒྱུ་འདུལ་སྦྱོང་ཚོད་ལྟའི་ཞིང་ས་བསྐྲུན་ནས་བེད་སྤྱོད་བྱེད་མགོ་ཚུགས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། རྐང་ཚ་རྫོང་བོད་སྨན་ཁང་གིས་སྨན་ཁང་ནང་ཁུལ་གྱི་ད་ལྟའི་ཆ་རྐྱེན་ལ་དམིགས་ནས་གཞི་ཁྱོན་ཆུང་བ་དང་མ་དངུལ་ཉུང་གཏོང་། ཉེན་ཁ་ཆུང་བ། ཚོད་ལྟའི་རང་བཞིན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། མཐོ་སྒང་བོད་སྨན་འདེབས་འཛུགས་ཚོད་ལྟའི་ཞིང་ས་འཛུགས་སྐྲུན་ལས་གཞི་མགོ་ཚུགས་པ་དང་། རྐང་ཚ་རྫོང་གིས་བོད་སྨན་རྒྱུ་ཆ་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པ་དང་། བོད་སྨན་གྱི་སྨན་སྦྱོར་འགན་ལེན་བྱེད་པ། དངོས་ཡོད་སྨན་རྒྱུ་འདེབས་འཛུགས་སྲུང་སྐྱོབ་བྱེད་པ་བཅས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།


ལས་གཞིའི་ས་གནས་ནི་རྫོང་བོད་སྨན་ཁང་ནང་ཁུལ་གྱི་བེད་མེད་ས་སྟོང་བདམས་པ་དང་། ཉི་འོད་ཕོག་པ་དང་རླུང་རྒྱག་པ། ཁོར་ཡུག་འབག་བཙོག་མེད་པ་བཅས་ཀྱི་སྐྱེ་ཁམས་ཆ་རྐྱེན་ལྡན་ཞིང་མཐོ་སྒང་སྨན་སྤྱོད་རྩི་ཤིང་གསོ་སྐྱོང་བྱ་རྒྱུར་འོས་འཚམ་ཡིན། རྐང་ཚ་རྫོང་ལ་མཐོ་སྒང་གནམ་གཤིས་ཀྱི་ཁྱད་ཆོས་འཛོམས་ཤིང་། རི་སྐྱེས་རྩྭ་སྨན་གྱི་ཐོན་ཁུངས་ལྡན། དེ་བཞིན་སྔས་ཐོག་གསོ་བཅོས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་ས་གནས་དེ་གའི་བོད་སྨན་གྱི་སྨན་རྒྱུ་མི་ཐབས་འདེབས་འཛུགས་ལག་ཤེས་མི་འདང་བ་དང་། རྒྱུ་ཆའི་རིན་གོང་མཐོ་བ། རི་སྐྱེས་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་གནོན་ཤུགས་ཅུང་ཆེ་བ་སོགས་ཀྱི་དཀའ་གནད་ལ་དམིགས་ཏེ། ད་ལི་དང་བོང་དཀར། གཟེར་འཇོམས། ལྕུམ་རྩྭ། འོམ་བུ། གོ་སྙོད། ཤིང་མངར་སོགས་རྩ་ཆེ་བའི་མཐོ་སྒང་གི་ཁྱད་ལྡན་རི་སྐྱེས་དང་རྒྱུན་སྤྱོད་རྩི་སྨན་རིགས་བཅུ་ལྷག་ཙམ་ལེགས་པོར་བདམས་ཤིང་། མི་ཐབས་ལག་ཤེས་ལ་བརྟེན་ནས་སོན་འདེབས་འདུལ་སྦྱོང་དང་རི་སྐྱེས་འདེབས་འཛུགས་བྱེད་པར་ཚོད་ལྟ་བྱས་པ་ཡིན། རྣམ་གྲངས་དེས་སྤྱོད་སྒོ་ཆེ་བ་དང་ཚོད་ལྟའི་རང་བཞིན་གྱི་འཛུགས་སྐྲུན་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བྱེད་ནུས་ཀྱི་ས་ཁོངས་དབྱེ་ཡོད། སྨི་གྲུ་བཞི་མ100ཡོད་པའི་ཉི་ཁྱམས་ཚོད་ལྟའི་འདེབས་འཛུགས་ཁུལ་དང་སྨི་གྲུ་བཞི་མ100ཡོད་པའི་ཕྱི་རོལ་ཚོད་ལྟའི་འདེབས་འཛུགས་ཁུལ་བསྐྲུན་པར་འཆར་འགོད་བརྒྱབ་པ་དང་། དེའི་ཉི་ཁྱམས་དེ་ཁོར་ཡུག་ཚོར་སྣང་སྐྱེན་པའི་སྨན་རྒྱུ་རྩ་ཆེན་འདེབས་འཛུཊ་དང་གསོ་སྐྱོང་བྱེད་པར་སྤྱོད་པ་དང་། ཕྱི་རོལ་ས་ཁོངས་སུ་འཕྲོད་ནུས་ཅུང་ཆེ་བའི་རི་སྐྱེས་སྨན་རྒྱུ་འདེབས་འཛུགས་ཚོད་ལྟ་བྱས་པར་མ་ཟད། ཆུ་འདྲེན་པ་དང་། ས་གཤིས་ལྟ་ཞིབ་ཚད་ལེན། དྲོད་དང་བརླན་ཆ་ལྟ་ཞིབ་ཚད་ལེན་སོགས་འབྲེལ་ཡོད་ཚོད་ལྟའི་སྒྲིག་ཆས་ཆ་ཚང་ཞིང་། རྒྱུན་རྣམ་ཅན་གྱི་འདེབས་འཛུགས་ལྟ་ཞིབ་ཚད་ལེན་གྱི་རྩིས་ཐོ་བཟོས་ནས་ཚོད་ལྟའི་གཞི་གྲངས་མུ་མཐུད་གསོག་འཇོག་བྱས་པ་དང་། བོད་སྨན་གྱི་སྨན་རྒྱུ་མི་ཐབས་ལག་ཤེས་ལ་བརྟེན་ནས་གསོ་སྐྱོང་བྱེད་པའི་ལག་རྩལ་ཇེ་ལེགས་སུ་གཏོང་བ་དང་། གཞི་ཁྱོན་ཅན་གྱི་ཁྱབ་གདལ། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་། དེ་བཞིན་སྨན་སྤྱོད་རིན་ཐང་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་སོགས་ལག་ལེན་གྱི་རྨང་གཞི་བརྟན་པོར་བཏང་།

ཚོད་ལྟའི་ཞིང་ས་བསྐྲུན་ནས་བེད་སྤྱོད་བྱེད་མགོ་ཚུགས་པ་དང་ཆབས་ཅིག གཤམ་གྱི་དོན་ཚན་བཞི་ལས་འཕེལ་རྒྱས་ཀྱི་ཞན་ཆ་ཁ་གསབ་དང་དངོས་ཡོད་ཀྱི་དཀའ་གནད་སེལ་རྒྱུ་རེད།། གཅིག་ནས་ལག་རྩལ་འགག་སྒྲོལ་གྱི་ཐད། རྐང་ཚ་རྫོང་གིས་ས་མཐོའི་རྩྭ་སྨན་གྱི་རྒྱུ་ཆ་མི་ཐབས་བརྟེན་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་གྱི་སྟོང་ཆ་སྐོང་བ་དང་རྐང་ཚའི་གནམ་གཤིས་དང་འཚམ་པའི་ཚད་ལྡན་ཅན་གྱི་འདེབས་འཛུགས་མ་ལག་རིམ་བཞིན་བཙུགས་ཏེ། ས་གནས་དེ་གའི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱེད་པ་དང་། རྗེས་མཐུད་ཀྱི་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ཁྱབ་གདལ་ལ་ལག་རྩལ་གྱི་རྨང་གཞི་བརྟན་པོ་བཏང་ནས་ལག་ལེན་གྱི་ཉམས་མྱོང་གསོག་འཇོག་བྱེད་རྒྱུ་རེད། གཉིས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཐད། མི་ཐབས་འདེབས་འཛུགས་བྱེད་པ་དེས་རི་སྐྱེས་ཀྱི་ཚབ་བྱས་ཏེ། མཐོ་སྒང་གི་རྩ་ཆེ་བའི་སྨན་རྫས་རྒྱུ་ཆ་དང་རི་སྐྱེས་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་ཏན་ཏིག་བྱེད་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱེད་པ། དུས་མཚུངས་སུ་ནང་ཁུལ་གྱི་སྐྱེ་ཁམས་ལྗང་སྒྱུར་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་རེད། གསུམ་ནི་ལས་རིགས་དཔེ་སྟོན་ཐད། ཀྲུང་ལུགས(བོད)སྨན་རྫས་ཐོན་ལས་འཕེལ་རྒྱས་འཆར་འགོད་དང་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་གྱི་ཚད་གཞི་ནན་མོ་བཟུང་སྟེ། སྨན་ཁང་ནང་ཁུལ་གྱི་བོད་སྨན་སྨན་རྫས་ཀྱི་རྒྱུ་ཆ་རང་མཁོ་འགན་ལེན་བྱེད་པའི་ནུས་པ་སྲ་བརྟན་དུ་གཏོང་བ་དང་། སྨན་དོན་མི་སྣའི་ཆེད་ལས་བྱང་ཚད་དང་དངོས་སྦྱོང་ཆུ་ཚད་རྒྱུན་རྣམ་ཅན་དུ་མཐོ་རུ་གཏོང་བ། ཆེད་ལས་ཅན་གྱི་བོད་སྨན་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་སློབ་གསོའི་གཡུལ་ས་གཏོད་པ་བཅས་བྱེད་རྒྱུ་རེད། བཞི་ནི་སྤྱི་ཚོགས་དམངས་འཚོའི་ཐད། ཉེན་ཁ་ཆུང་བ་དང་། འདྲ་བཟོ་བྱེད་ཆོག་པ། ཁྱབ་གདལ་གཏོང་ཆོག་པ་བཅས་ཀྱི་མཐོ་སྒང་གི་བོད་སྨན་རྒྱུ་ཆ་འདེབས་འཛུགས་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། མང་ཚོགས་ཁྱད་ལྡན་བོད་སྨན་འདེབས་འཛུགས་ནང་ཞུགས་རྒྱུར་སྐུལ་ཁྲིད་དང་། ཡོང་འབབ་འཕར་ནས་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། རྫོང་ཁོངས་ཀྱི་ཀྲུང་བོད་ལུགས་གསོ་རིག་དང་སྨན་རྫས་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཡུན་རིན་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།
རྐང་ཚ་རྫོང་བོད་སྨན་ཁང་གིས་མུ་མཐུད་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྲིད་སྟོན་དུ་བཟུང་སྟེ། སྐྱེ་ཁམས་ལྗང་སྒྱུར་ལས་དོན་གྱི་བླང་བྱ་བརྟན་སྲུང་དང་། ཀྲུང་ལུགས(བོད)གསོ་རིག་དང་སྨན་རྫས་འཕེལ་རྒྱས་ཀྱི་ལས་འགན་དང་དམ་པོར་འབྲེལ་ནས། རྒྱུན་རྣམ་ཅན་གྱི་ཚོད་ལྟའི་ལྟ་ཞིབ་ཚད་ལེན་དང་། གྲངས་གཞི་ལེགས་སྒྲིག ལག་རྩལ་ཕྱོགས་སྡོམ་བཅས་ཀྱི་ལས་དོན་རྒྱུན་མཐུད་ཡག་པོར་བསྒྲུབས་ནས་བོད་ཀྱི་སྨན་རྒྱུ་དང་འདེབས་འཛུགས་ལག་རྩལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་རྒྱུ་དང་། ཚོད་ལྟའི་རིགས་དང་དཔེ་སྟོན་ཕན་འབྲས་བརྟན་པོའི་ངང་ཆེ་རུ་གཏོང་བ། རྟེན་གཞི་དེ་མཐོ་སྒང་རྩྭ་སྨན་གྱི་རྒྱུ་ཆ་འདེབས་འཛུཊ་ཚོད་ལྟ་དང་། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ། ཀྲུང་ལུགས(བོད)གསོ་རིག་དང་སྨན་རྫས་ཚན་རིག་ཁྱབ་གདལ་དཔེ་སྟོན་དང་། སྐྱེ་ཁམས་ལྗང་སྒྱུར་སྤུས་ཚད་མཐོ་རུ་གཏོང་བ་བཅས་གཞི་གཅིག་ཏུ་འདུས་པའི་སྟེགས་བུ་ཞིག་ཏུ་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་རྫོང་ཡོངས་ཀྱི་ཀྲུང་ལུགས(བོད)གསོ་རིག་དང་སྨན་རྫས་བྱ་གཞག་གི་སྤུས་ཚད་མཐོ་བའི་རྒྱུད་འཛིན་གསར་གཏོད་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད།