网站无障碍
མཚོ་སྔོན་པོའི་ཆུ་ཁུངས་ཆེ་ཤོས་དེ་རིག་ནུས་ཅན་གྱི་དོ་དམ་སྲུང་སྐྱོང་དུས་རབས་སུ་སླེབས།
发布时间:2026年05月27日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


 རྐང་ཚ་རྫོང་ནི་མཚོ་སྔོན་པོའི་ཚྭ་མེད་ཆུའི་ཆུ་འགོ་ཆེ་ཤོས་ཡིན་པའི་ཆ་ནས། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་བརྟན་ལྷིང་སྲུང་སྐྱོང་དང་མཚོ་བོད་མཐོ་སྒང་གིསྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བའི་ས་ཁོངས་གལ་ཆེན་ཞིག་རེད། ས་བབ་མཐོ་བ་དང་ས་ཁོངས་རྒྱ་ཆེ་བ། རི་མཐོ་ལུང་རྫུབ་ཀྱི་ས་དབྱིབས་བཅས་ལས་བྱུང་བའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་དཀའ་གནད་ཕན་ནུས་ལྡན་པའི་སྒོ་ནས་སེལ་བ་དང་། ཚན་རྩལ་ནགས་སྲུང་དང་བློ་གྲོས་ཆུ་བཅོས་ཀྱི་མ་དཔེ་གསར་པ་འཚོལ་ཞིབ་བྱས་ནས། སྐྱེ་ཁམས་དོ་དམ་སྲུང་སྐྱོང་ལས་དོན་དེ་སྲོལ་རྒྱུན་གྱི་མི་ཤུགས་སྐོར་སྲུང་ནས་གྲངས་ཀ་ཅན་དང་། རིག་ནུས་ཅན། ཞིབ་ཕྲ་ཅན་བཅས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ། མཚོ་སྔོན་པོའི་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་

 སྐྱེ་ཁམས་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ནས་དོ་དམ་སྲུང་སྐྱོང་བྱེད་སྟངས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྐང་ཚ་རྫོང་ནི་མཚོ་སྔོན་པོའི་ཚྭ་མེད་ཆུའི་ཆུ་འགོ་ཆེ་ཤོས་ཁ་གསབ་བྱ་ཡུལ་ཡིན་པ་དང་། མངའ་ཁོངས་ཀྱི་ཆུ་བོ་མང་པོ་ཞིག་མཚེའུ་ནང་འབབ་པ་དང་། མཚེའུ་ནང་འབབ་པའི་ཚྭ་མེད་ཆུའི་ཚད་ཀྱིས་རྫོང་ཡོངས་ཀྱི་མཚེའུ་ནང་འབབ་པའི་བསྡོམས་འབོར་གྱི80%ཡས་མས་ཟིན་ཡོད། དེ་ནི་མཚོ་སྔོན་པོའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དོ་སྙོམས་བྱེད་པའི་འགག་རྩའི་སྲུང་ཡོལ་ཞིག་རེད། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཆུ་ཆེ་གྲས་ཨང་གཉིས་པ་ཡིན་པའི་ཆ་ནས། འོམ་ཆུའི་འབབ་རྒྱུད་ཀྱི་སྔོ་ཁེབས་ཚད་ཕུན་སུམ་ཚོགས་ལ་སྐྱེ་དངོས་སྣ་མང་རང་བཞིན་ཆ་ཚང་བ་ནི་གསེར་ཉ་ཕྱིར་ལོག་དང་བྱ་རིགས་འཚོ་སྡོད་བྱེད་སའི་ས་ཁོངས་གཙོ་བོ་ཤིག་ཡིན་པ་དང་། 2021ལོར་འོམ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་དངོས་སུ་སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱས་ཏེ། མཚོ་སྔོན་པོའི་གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་མ་ལག་ནང་བཅུག་ཡོད། ས་བབ་མཐོ་བ་དང་གཞི་ཁྱོན་ཆེ་བ། རི་མཐོ་ལུང་རྫུབ་བཅས་ཀྱི་ས་དབྱིབས་ལས་བྱུང་བའི་དོ་དམ་སྲུང་སྐྱོང་གི་དཀའ་གནད་སེལ་བ་དང་། ཚན་རྩལ་ལ་བརྟེན་ནས་སྐྱེ་ཁམས་བཅོས་སྐྱོང་བྱེད་ཐུབ་པ་རྒྱུན་འཁྱོངས་བྱེད་པ། དོ་དམ་སྲུང་སྐྱོང་བྱེད་སྟངས་རྒྱུན་མཐུད་ངང་རིམ་སྤར་དང་ལས་ཀའི་ཞན་ཆ་གསབ་པ། ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་བདག་སྐྱོང་དེམི་ཤུགས་སྐོར་སྲུང”ནས“རིག་ནུས་རིག་བཅོསསུ་བསྒྱུར་བར་སྐུལ་འདེད་བཏང་། 

 ད་ཡོད་ཀྱི་ཆད་སྐྱོན་དང་ཞན་ཆར་དམིགས་ནས་སྲོལ་རྒྱུན་གྱི་དོ་དམ་སྲུང་སྐྱོང་གི་དཀའ་གནད་འབུར་ཐོན་ལ་ཁ་གཏད། རྐང་ཚ་རྫོང་གི་མངའ་ཁོངས་རྒྱ་ཁྱོན་ཆེ་བ་དང་རི་མཐོ་ལུང་རྫུབ་ཡིན་པ། ས་བབ་མཐོ་བ། ས་ཁོངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་། བརླན་སའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་ལས་འགན་ཧ་ཅང་ལྕི། སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ538ཀྱིས་ཡུལ་དངོས་དང་པོར་རྒྱུན་རྣམ་ཅན་གྱི་སྐོར་སྲུང་འགན་ལེན་བྱས་ཡོད། དུས་ཡུན་རིང་པོའི་ནང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བྱ་རྒྱུ་དེ་གཙོ་བོ་འཕྲུལ་རྟ་དང་མི་ཤུགས་ལ་བརྟེན་ནས་སྐོར་སྲུང་བྱས་པས་ཆད་སྐྱོན་དང་ཞན་ཆ་མངོན་གསལ་རེད། ཕྱོགས་གཅིག་ནས་དོ་དམ་སྲུང་སྐྱོང་གི་ཐེག་ཚད་ཅུང་ལྕི་བ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཁྱབ་ཚུལ་ཐར་ཐོར་ཡིན་པ། དོ་དམ་སྲུང་སྐྱོང་གི་ཚངས་ཕྱེད་ཅུང་ཆེ་བ། དོ་དམ་བདག་སྐྱོང་མི་སྣས་ལོ་ཧྲིལ་པོར་ཁ་བ་བུ་ཡུག་དང་གྲང་ངར་ཆེ་བ། རི་གཟར་འདམ་རྫབ་སོགས་ཆ་རྐྱེན་ངན་པ་ཁྱད་བསད་ཀྱིས་ལས་ཀ་བྱེད་པ། ལུས་ཤུགས་ཟད་ཆེ་བ་དང་རི་ཐང་དུ་སྐོར་སྲུང་བྱེད་པའི་བདེ་འཇགས་ཀྱི་ཉེན་ཁ་ཆེ་བ། ཕྱོགས་གཞན་ཞིག་ནས་སྐོར་སྲུང་གི་ཕན་ནུས་མི་འདང་བ་དང་། མི་ཤུགས་ལ་བརྟེན་ནས་སྐོར་སྲུང་བྱེད་པའི་ལམ་ཕྱོགས་བལྟོས་བཅས་ཀྱིས་གཏན་འཇགས་ཡིན་པ། ཐག་རིང་ལུང་ཁུག་གི་ས་ཁོངས་ཁྱོན་ཡོངས་ནས་ཁེབས་དཀའ་བ། དུས་ཡུན་རིང་པོར་མི་ཤུགས་མི་འདང་བ་དང་ཁེབས་ཚད་ཆ་མི་ཚང་བ། དང་ལེན་རྗེས་སུ་ལུས་པ་སོགས་ཀྱི་གནད་དོན་གནས་པ། ཁྲིམས་འགལ་གྱིས་འཛིན་འདོན་དང་སྒྲིག་འགལ་གྱིས་ཕྱུགས་འཚོ། སྔོ་ཁེབས་ལ་གཏོར་བརླག མེ་སྐྱོན་ཐར་ཐོར་སོགས་ཀྱི་བྱུར་རྐྱེན་དུས་ཐོག་ཏུ་མ་ཤེས་པ་དང་ཐག་གཅོད་གནད་ལ་མ་འཁེལ་བ། སྐྱེ་ཁམས་ཞིབ་ཚགས་ཅན་གྱི་དོ་དམ་སྲུང་སྐྱོང་ཆུ་ཚད་དམའ་བ།

ཚན་རྩལ་ཁྲལ་ནུས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ས་ཁོངས་ཡོངས་སུ་ལངས་གཟུགས་དོ་དམ་སྲུང་སྐྱོང་མ་ལག་བཙུགས 2025ལོའི་ཟླ9བར་རྫོང་རིམ་པའི་སྐྱེ་ཁམས་ལྟེ་གནས་ཀྱི་དོ་དམ་སྲུང་སྐྱོང་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། མི་མེད་གནམ་གྲུའི་སྐོར་སྲུང་དང་དུས་ཐོག་བརྙན་ལམ་ལྟ་སྐུལ་ཚོད་འཛིན། གཞི་གྲངས་གསོག་འཇོག་དབྱེ་ཞིབ། བྱུར་རྐྱེན་བཀག་སྡོམ་བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གིརིག་ནུས་ཀླད་ཆེནབསྐྲུན་པ་དང་། མཁའ་ལམ་སྐོར་ཞིབ་དང་ས་ངོས་མཉམ་འགུལ། གཞི་གྲངས་ལ་ནུས་པ་སྦྱིན་པ་བཅས་ཀྱི་ལངས་གཟུགས་ཅན་གྱི་རིག་ནུས་དོ་དམ་སྲུང་སྐྱོབ་མ་ལག་ཆགས་པར་བྱས་ཏེ་སྲོལ་རྒྱུན་གྱི་བདག་སྐྱོང་བྱེད་སྟངས་རྩ་བ་ནས་གསར་བཅོས་བྱས། ཆེད་ལས་དཔུང་ཁག་གི་སྟོབས་ཤུགས་ཆེ་རུ་བཏང་ནས། གཞི་རིམ་ནས་དོ་དམ་སྲུང་སྐྱོང་པ་ལེགས་འདེམས་བྱས་ཏེ། ཆེད་དོན་གསོ་སྦྱོང་བྱས་པ་དང་ལག་ཁྱེར་ཡོད་པའི་མི་མེད་གནམ་གྲུ་བཀོལ་སྤྱོད་དཔུང་ཁག་སྐྱེད་སྲིང་བྱས་ཏེ་ཡུལ་དངོས་དང་པོའི་མི་སྣས་ས་དབྱིབས་ལ་རྒྱུས་མངའ་ཡོད་པ་དང་། སྐྱེ་ཁམས་ལ་རྒྱུས་མངའ་ཡོད་པའི་ལེགས་ཆར་བརྟེན་ནས་རིག་ནུས་སྐོར་སྲུང་གནད་སྨིན་དང་ལས་ཕྱོད་ཆེ་བའི་འགན་ལེན་བྱས། ས་ཁོངས་ཡོངས་སུ་སྐོར་སྲུང་ཐུབ་པར་བྱས་ཏེ་དྭངས་གསལ་བརྙན་ལེན་དང་དམར་ཕྱིའི་འཚོལ་ཞིབ་སྒྲིག་ཆས་སྤྲད་ཡོད་པའི་ཆེད་ལས་མི་མེད་གནམ་གྲུ་བརྒྱུད། ཉིན་ལྟར་འོམ་ཆུའི་བརླན་སའི་སྤྱི་གླིང་དང་རྒྱལ་ཁབ་ལ་དབང་བའི་གཙོ་གནད་ནགས་ས་སོགས་ལྟེ་བའི་ས་ཁོངས་ཡོངས་སུ་སྐོར་སྲུང་བྱས་ཚེ། སྐར་མ་ཁ་ཤས་ཀྱི་ནང་དུ་མི་ཤུགས་ལ་བརྟེན་ནས་ཉིན་ཕྱེད་སྐོར་སྲུང་བྱེད་པའི་ལས་འབོར་ལེགས་འགྲུབ་བྱེད་ཐུབ་པ་དང་། མི་ཤུགས་སྐོར་སྲུང་ལོང་ཁུལ་ནུས་ལྡན་གྱིས་ཁ་གསབ་བྱས་ནས་བར་སྣང་གི་སྐད་འབོད་ནུས་པ་དུས་གཅིག་ཏུ་སྤྱོད་འགོ་ཚུགས་ཏེ། སྐྱེ་ཁམས་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་དུས་ཐོག་ཏུ་བཀག་སྡོམ་བསླབ་བྱ་གནང་ནས་ ལྟ་སྐུལ་དོ་དམ་གྱི་ཟིལ་ཤུགས་ཇེ་ཆེར་བཏང་། གྲངས་འཛིན་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། སྐོར་སྲུངAPPདང་རྩྭ་ཐང་སོ་ལྟ་ལྟ་སྐུལ་ཚོད་འཛིན་མ་ལག་ལ་བརྟེན་ནས་སྐོར་སྲུང་རྗེས་ཤུལ་དང་། ཡུལ་དངོས་ཀྱི་པར་རིས། བྱུར་རྐྱེན་གྱི་གནས་ཚུལ་བཅས་དུས་ཐོག་ཏུ་བརྒྱུད་སྐུར་དང་འགུལ་རྣམ་ལྡོག་འདྲེན་བྱེད་རྒྱུ་མངོན་འགྱུར་ཡོང་བ་དང་། མ་ལག་རང་འགུལ་གྱིས་གློག་རྡུལ་རྩིས་ཁྲ་གྲུབ་པ། སྐོར་སྲུང་དཔྱད་ཡིག་ཉར་ཚགས་བྱེད་ཐུབ། རྒྱབ་རྟེན་དུ་གཞི་གྲངས་ཆེ་མོར་ཕྱོགས་སྡོམ་དང་ཞིབ་འཇུག་བརྡར་ཤ་བཅད་པ་བརྒྱུད་སྲོལ་རྒྱུན་གྱི་ཉམས་མྱོང་རྣམ་པའི་དོ་དམ་སྲུང་སྐྱོང་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས། གཞི་གྲངས་ལ་བརྟེན་ནས་ཞིབ་འཇུག་བརྡར་ཤ་གཅོད་པ་དང་། ཚན་རྩལ་ལ་བརྟེན་ནས་དོ་དམ་སྲུང་སྐྱོང་ཐུབ་པར་བྱས། མིག་སྔར་མི་མེད་གནམ་གྲུ་རྐྱང་པའི་སྐོར་སྲུང་ཕན་ནུས་དེ་དོ་དམ་སྲུང་སྐྱོང་པ10ཡི་ཉིན་གཅིག་གི་ལས་འབོར་དང་མཚུངས་པས། དོ་དམ་སྲུང་སྐྱོང་མི་སྣའི་ངལ་རྩོལ་ལྕི་ཚད་དང་སྐོར་སྲུང་ཉེན་ཁ་ཇེ་ཆུང་དུ་ཕྱིན་ལ། སྐྱེ་ཁམས་དོ་དམ་སྲུང་སྐྱོང་གནད་ལ་འཁེལ་ཚད་དང་དུས་ནུས་རང་བཞིན། ཚན་རིག་རང་བཞིན་བཅས་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད།