རྐང་ཚས་མཚོ་སྔོན་པོའི་གསེར་ཉ“སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས”ནས“སྐྱེ་ཁམས་ནོར་བུ”རུ་བསྒྱུར་ནས་སྐྱེ་ཁམས་དམངས་ཕྱུག་གི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་སྐྱེ་ཁམས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་བཅངས་ནས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ཏེ། གསེར་ཉ་སྲུང་སྐྱོབ་དང་སྐྱེ་ཁམས་རིག་གནས་གནས་སྐོར་མཉམ་འདྲེས། དམངས་ཡོངས་ཀྱིས་མཉམ་སྐྲུན་མཉམ་སྐྱོང་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་གཅིག་གྱུར་གྱིས་ལག་བསྟར་བྱས་ཏེ། གསེར་ཉའི་གྲངས་འབོར་ཆེས་ཆེར་འཕར་བར་སྐུལ་འདེད་བཏང་ནས། གསེར་ཉ་སྟོངས་ལ་ཉེ་བ་ནས་སྐྱེ་ཁམས་སླར་གསོ་བྱུང་བའི་འགྱུར་ལྡོག་ཆེན་པོ་བྱུང་སྟེ། གསེར་ཉ་དེ“སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས”ནས་དམངས་ཕན་གྱི“སྐྱེ་ཁམས་ནོར་བུ”རུ་གྱུར་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།

ཉ་རྒྱ་བསྡམས་ཏེ་མཚོ་སྔོན་པོའི་ཉ་རིགས་སྲུང་སྐྱོབ་ཀྱི“སྲོག་རྩ”བསྐྲུན་པ།རྐང་ཚ་རྫོང་ནི་མཚོ་སྔོན་པོའི་གསེར་ཉའི་འཚོ་གནས་བྱ་ཡུལ་གལ་ཆེན་ཞིག་ཡིན་པའི་ཆ་ནས་དུས་རབས་སྔོན་མར་ཉ་འཛིན་རྒྱུ་མང་དྲགས་པའི་རྐྱེན་གྱིས་གསེར་ཉའི་ཐོན་ཁུངས་ཟད་ལ་ཉེ་བ་དང་། མཚོ་སྔོན་པོའི་སྐྱེ་ཁམས་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས། ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་པོའི་ཉ་རིགས་གསོ་སྤེལ་སྐོར་གྱི་འཆར་གཞི་དྲུག་པ་དོན་འཁྱོལ་ནན་པོ་བྱས་ཏེ། དེང་རབས་ཚན་རྩལ་གྱིས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་ཚོད་འཛིན་སྒྲིག་སྦྱོར་དང་། མི་མེད་གནམ་གྲུས་སྐོར་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མི་ཐབས་འགོག་སྲུང་དང་ལག་རྩལ་འགོག་སྲུང་གི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་མ་ལག་འཛུགས་པ་དང་། ཁྲིམས་འཛིན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འགལ་གྱིས་ཉ་འཛིན་པར་རྡུང་རྡེག་ཚ་ནན་བཏང་ནས། ཉ་རིགས་ཕྱོགས་ཡོངས་ནས་སྲུང་སྐྱོབ་ཐུབ་པར་བྱས་ཡོད། མིག་སྔར། རྫོང་ཡོངས་ཀྱིས་ཁྱོན་སྡོམ་མཚོ་སྔོན་པོའི་ཉ་ཕྲུག་ཁྲི 21000 ལྷག་གློད་གཏོང་བྱས་པ་དང་། མི་ཐབས་སྐྱེ་འཕེལ་གློད་གཏོང་བྱེད་ཚད་ཀྱིས 26% ཟིན་ཡོད། སྲུང་སྐྱོང་གི་དུས་མགོར་ཏུན་སྟོང་ཕྲག་གཅིག་མ་ཟིན་པ་ནས་ཏུན་ཁྲི 13.30 བར་འཕར་བས་ལྡབ 50 ཙམ་འཕར་ཡོད། ཁྱུ་ཚོགས་གྲུབ་ཚུལ་རྒྱུན་མཐུད་བརྟན་པོ་བྱུང་སྟེ་མཚོ་སྔོན་པོའི་སྐྱེ་ཁམས་དོ་སྙོམས་སྲུང་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་ཡོལ་ཇེ་བརྟན་དུ་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

སྐྱེ་ཁམས་ཀྱིས་སྣེ་ཁྲིད་ནས་གསེར་ཉ་གནས་སྐོར་གྱི“སྐྱེ་ཁམས་ནོར་བུར”གྱུར་ཡོད། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་ཆབས་ཅིག་གསེར་ཉ་ཕྱིར་རྒྱུ་བའི“ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ”ཞེས་པའི་ངོ་མཚར་ཆེ་བའི་རྣམ་པ་དེ་རྐང་ཚ་རྫོང་གི་སྐྱེ་ཁམས་གནས་སྐོར་གྱི“གསེར་གྱི་མིང་བྱང”དུ་གྱུར་ཡོད། ལོ་རེའི་ཉ་མོ་ཕྱིར་རྒྱུ་བའི་དུས་སུ། གནས་སྐོར་བ་མང་པོ་ཞིག་གིས་ཉ་མོ་ཆུ་རྒྱུན་ལྡོག་ནས་རྐྱལ་བའི་ངོ་མཚར་ཆེ་བའི་རྣམ་པ་ལ་ལྟ་བར་ཡོང་གི་ཡོད། སྐྱེ་ཁམས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཉ་མོ་ཕྱིར་རྒྱུ་བའི་ཐོན་ཁུངས་དང་སྐྱེ་ཁམས་གནས་སྐོར་གཏིང་ཟབ་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་དང་། རིག་གནས་ཀྱི་ནང་དོན་སྔོག་འདོན་བྱེད་པ། མཛེས་ལྗོངས་ལ་ལྟ་བའི་སྟེགས་བུ་དང་ཚན་སློབ་རྟེན་གཞི། རིག་གནས་དུས་ཆེན་གཉེར་བ། རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བཅས་བྱས་ཏེ། སྐྱེ་ཁམས་གནས་སྐོར་སྣ་མང་ཅན་གྱི་ཉམས་ལེན་ཕྱོགས་སུ་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་། སྔོན་ཆད་ཧ་ལམ་རྫོགས་ལ་ཉེ་བའི་ཉ་མོ་ད་ལྟ་སྐྱེ་ཁམས་ཀྱི“སྐར་མ”ལྟ་བུར་གྱུར་ནས། བཟའ་བཏུང་དང་ཞག་སྡོད། འགྲིམ་འགྲུལ་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཏེ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ཕན་མཉམ་ཐོབ་མངོན་འགྱུར་བྱུང་ཡོད། 2025ལོར་རྫོང་ཡོངས་ཀྱིས་གནས་སྐོར་བ་མི་ཐེངས་ཁྲི187.25སྣེ་ལེན་བྱས་པ་དང་། གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར6.45མངོན་འགྱུར་བྱུང་ཞིང་། དམིགས་ཚད་གཉིས་ཀ་འཕར་ཚད20%ཡན་ཟིན་ཡོད། གསེར་ཉའིIPནི་སྐྱེ་ཁམས་གནས་སྐོར་གྱི་ཀ་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། དེའི་ནང་མཚོ་འཁྱིལ་ཡུལ་ཚོའི་ཉ་ལྟ་སྐོར་སྟེགས་བུས་ལོ་ཧྲིལ་པོར་གནས་སྐོར་བ་མི་ཐེངས་ཁྲི13.24ལ་སྣེ་ལེན་ཞུས་པ་དང་ཡོང་འབབ་སྒོར་ཁྲི456ལྷག་ཙམ་བྱུང་། མཐའ་འཁོར་གྱི་མང་ཚོགས་ཀྱིས་འབྲེལ་ཡོད་ལས་རིགས་གཉེར་སྐྱོང་བྱས་པ་བརྒྱུད་ཁྱིམ་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི3འཕར་སྣོན་བྱུང་ཡོད།
དམངས་ཡོངས་ཀྱིས་མཉམ་དུ་སྲུང་སྐྱོབ་བྱས་ཏེ། གསེར་ཉ་སྲུང་སྐྱོབ་ཀྱི“མཉམ་ཤུགས་གཅིག་སྒྲིལ”བྱས། རྐང་ཚ་རྫོང་གིས་སྣ་མང་ཅན་གྱི་དྲིལ་སྒྲོག་སློབ་གསོ་འཛིན་ལུང་བྱས་ཏེ། གསེར་ཉ་སྲུང་སྐྱོབ་ཀྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་། མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་། སློབ་རར་རྐང་བཙུགས་ཏེ། གསེར་ཉ་སྲུང་སྐྱོབ་དེ་རྒྱུན་ལྡན་གྱི་སློབ་གསོའི་ཁྲོད་བཞག་ནས། ན་གཞོན་ཚོའི་སྐྱེ་ཁམས་ཀྱི་སེམས་ཁམས་དང་ཉ་སྲུང་གི་འགན་འཁྲི་སྐྱེད་སྲིང་བྱེད་པ་དང་། སྡེ་བ་དང་གཞིས་ཁུལ་གྱི་ཡུལ་དངོས་སུ་ཟབ་ཞུགས་བྱས་ཏེ། དང་བླངས་པ་རྩ་འཛུགས་བྱས་ནས་ཏེ་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་དང་སྲིད་ཇུས་འགྲེལ་བཤད། རོང་འབྲོག་མང་ཚོགས་ཀྱིས་རང་འགུལ་གྱིས་གསེར་ཉ་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་བྱས། དུས་མཚུངས་སུ་སྨྱན་སྦྱོར་སྟེགས་བུ་སྣ་ཚོགས་གཅིག་གྱུར་འཆར་འགོད་བྱས་ཏེ། དྲིལ་སྒྲོག་བྱ་བའི་ཕན་འབྲས་དང་གོང་འཕེལ་གྱི་གནས་ཚུལ་དྲིལ་སྒྲོག་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་གི་དྲང་ནུས་བརྒྱུད་སྤྲོད་ཧུར་ཐག་བྱས་ཡོད། མིག་སྔར་གསེར་ཉ་སྲུང་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་དེ་རྫོང་ཡོངས་ཀྱི་མང་ཚོགས་ཀྱི་ཐུན་མོང་གི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད་པ་དང་། དང་བླངས་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བཞིན་ཡོད་ལ། དམངས་ཡོངས་ཀྱིས་མཉམ་སྐྱོང་དང་མཉམ་དུ་གསེར་ཉ་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་རྒྱུན་མི་ཆད་པར་སྲ་བརྟན་དུ་ཕྱིན་ནས། མཚོ་སྔོན་པོའི་སྐྱེ་ཁམས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་གང་ལེགས་བྱས་ཡོད།