རྐང་ཚའི་བོད་ལུགས་གསོ་རིག་དང་རིག་གནས་གནས་སྐོར་མཉམ་འདྲེས་ལ་གྲུབ་འབྲས་མངོན་གསལ་ཐོབ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་མཐོ་སྒང་གི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། “བོད་ལུགས་གསོ་རིག+རིག་གནས་གནས་སྐོར+ཁམས་གསོ”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཤིང་། “གསོ་རིག་སྨན་ལུམས་གྲོང་རྡལ་ཆུང་ངུ”འཛུགས་སྐྲུན་བྱ་རྒྱུ་དེ་དམིགས་འབེན་དུ་བཟུང་ནས། སྲོལ་རྒྱུན་ཞབས་ཞུའི་ས་ཁོངས་ཀྱི་ཚོད་འཛིན་གཏོར་ཏེ། བོད་ལུགས་གསོ་རིག་རིག་གནས་དང་གནས་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། ལོ་ངོ་སྟོང་གི་བོད་ལུགས་གསོ་རིག་གི་ཤེས་རབ་དེ་ནད་བརྟག་སྨན་བཅོས་ཁང་ནས་ཕྱིར་ཐོན་ཏེ་གནས་སྐོར་བའི་འགྲུལ་བཞུད་ནང་ཞུགས་སུ་བཅུག་པ་དང་། མཐོ་སྒང་གི་བདེ་ཐང་གནས་སྐོར་གྱི་མིང་བྱང་གསར་པ་ཞིག་བཏོད་ཡོད།
རྐང་ཚ་རྫོང་གིས“གསོ་རིག་སྨན་ལུམས་གྲོང་རྡལ་ཆུང་ངུ”འཛུགས་སྐྲུན་གྱི་དམིགས་འབེན་ལ་གཞིགས་ནས། “ས་ཁོངས་ཧྲིལ་པོར་ཁེབས་པ་དང་ལྗོངས་རྣམ་སྣ་མང་ཅན”གྱི་བོད་སྨན་མྱོང་རོལ་དྲ་རྒྱ་བསྐྲུན། རྫོང་ཡོངས་ཀྱི་ལྗོངས་ཁུལ་དང་སྐར་རིམ་མགྲོན་ཁང་ཡོངས་སུ་བོད་ལུགས་གསོ་རིག་གི་མྱོང་རོལ་ཁུལ་བཙུགས་ཏེ། བོད་ལུགས་གསོ་རིག་གི་རྩ་བརྟག་དང་བོད་ལུགས་གསོ་རིག་གི་རྐང་ཁྲུས། ཁམས་གསོ་ཇ་སོགས་ཁྱད་ལྡན་ཞབས་ཞུ་དེ་གནས་སྐོར་རྣམ་པའི་ནང་བཅུག་ནས། གནས་སྐོར་བས་མཚོ་སྔོན་པོའི་མཛེས་ལྗོངས་ལ་ལྟ་སྐོར་དང་བོད་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་བའི་དུས་མཚུངས་སུ། དུས་དང་རྣམ་པ་ཀུན་ཏུ་བོད་ལུགས་གསོ་རིག་གི་ཐུན་མིན་ཁྱད་ཆོས་ཚོར་ཐུབ་པར་བྱས། རྫོང་བོད་སྨན་ཁང་གི་ལག་རྩལ་རྒྱབ་སྐྱོར་ལ་བརྟེན་ནས། ཉམས་ལེན་ཁུལ་གྱིས་ཚད་ལྡན་ཅན་གྱི་བོད་སྨན་སྦྱོར་བཟོ་དང་། ཆེད་བཟོས་རང་བཞིན་གྱི་བདེ་ཐང་གསོ་བཅོས་ཇུས་གཞི་མཁོ་འདོན་བྱས་ཏེ། བོད་ལུགས་གསོ་རིག་ཆེད་ལས་སྨན་བཅོས་ཁྱབ་ཁོངས་ནས་མང་ཚོགས་ཀྱི་བདེ་ཐང་འཚོ་བའི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། “གནས་སྐོར་ཁྲོད་བདེ་ཐང་ཡོད་ལ། བདེ་ཐང་ཁྲོད་གནས་སྐོར་ཡོད་པའི” ཉམས་ལེན་མངོན་འགྱུར་བྱུང་ཡོད།
བོད་ལུགས་གསོ་རིག་དང་གནས་སྐོར་ལས་རིགས་གཉིས་ཕན་ཚུན་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་ཆེད། རྐང་ཚ་རྫོང་གིས་མུ་མཐུད་དུ་མཉམ་འདྲེས་བྱེད་སྟངས་གསར་གཏོད་བྱེད་བཞིན་ཡོད། བོད་ལུགས་གསོ་རིག་སྨན་ལུམས་ཀྱི་ཁྱད་ལྡན་ཟོང་རྟགས་གཏོད་པ་དང་། སྲོལ་རྒྱུན་གྱི་བོད་ལུགས་གསོ་རིག་གི་ཁྲུས་ཀྱི་རྨང་གཞིའི་ཐོག་བྱེ་ལུམས་དང་ཚྭ་ལུམས། ཆུ་ཚན་ལུམས་སོགས་རྣམ་པ་མང་པོ་རྒྱ་བསྐྱེད་དེ། བོད་སྨན་གྱི་ལུས་གསོའི་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་བྱས། བོད་ལུགས་གསོ་རིག་གི་ལུམས་བཅོས་རིག་གནས་མྱོང་རོལ་གྱི་བྱེད་སྒོ་སྤེལ་ནས། ཤུལ་བཞག་རིག་གནས་ལག་རྩལ་འགྲེམས་སྟོན་དང་བོད་སྨན་སྡེབ་སྦྱོར་མྱོང་རོལ། འོས་འཚམ་གྱི་ལག་རྩལ་མྱོང་རོལ་སོགས་ཀྱི་ལྷུ་ཚིགས་བརྒྱུད་ནས། གནས་སྐོར་བས་བོད་ལུགས་གསོ་རིག་རིག་གནས་ཀྱི་ནང་དོན་ཐད་ཀར་ཤེས་རྟོགས་ཐུབ་པར་བྱས། བོད་ལུགས་གསོ་རིག་གི་དངོས་མང་བཤམས་སྟོན་ཁང་གི་འགྲེམས་སྟོན་ཁང་འཛུགས་སྐྲུན་གྲ་སྒྲིག་བྱས་ཏེ། བོད་ལུགས་གསོ་རིག་གི་འཕེལ་རྒྱས་ལོ་རྒྱུས་དངདཔེ་མཚོན་སྨན་སྦྱོར། ཤུལ་བཞག་ལག་རྩལ་བཅས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ། བོད་ལུགས་གསོ་རིག་རིག་གནས་ཁྱབ་སྤེལ་གྱི་སྒེའུ་ཁུང་བསྐྲུན། བྱེད་ཐབས་འདི་དག་གིས་གནས་སྐོར་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། བོད་ལུགས་གསོ་རིག་རིག་གནས་གསོན་ཉམས་ལྡན་པའི་སྒོ་ནས་རྒྱུན་འཛིན་བྱེད་པའི་ཁྲོད་དུ་གསོན་ཤུགས་གསར་བ་བསྣན།
བོད་ལུགས་གསོ་རིག་དང་གནས་སྐོར་རིག་གནས་མཉམ་འདྲེས་ཀྱི་འཚོལ་ཞིབ་དེས་རྐང་ཚའི་རིག་གནས་ཐོན་ཁུངས་ལ་གསོན་ཤུགས་བསྩལ་བར་མ་ཟད། གནས་སྐོར་ལས་རིགས་ལ་འཕྲོད་བསྟེན་གྱི་སྒུལ་ཤུགས་བསྣན་ཡོད། རྗེས་ཕྱོགས་སུ་རྐང་ཚ་རྫོང་གིས་མུ་མཐུད་དུ“བོད་ལུགས་གསོ་རིག+”མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་དང་མྱོང་རོལ་གྱི་ལྗོངས་རྣམ་འཐུས་ཚང་དུ་གཏོང་བ། ཁྱད་ལྡནIPབསྐྲུན་པ། བདེ་ཐང་གསོ་སྤེལ་གྱི་ལས་རིགས་གསོ་སྐྱོང་བྱེད་པ་བཅས་བྱས་ཏེ། “བོད་སྨན་ལུམས་བཅོས་གྲོང་རྡལ་ཆུང་ངུ”འཛུགས་སྐྲུན་གྱི་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་ཇེ་ཆེར་གཏོང་བར་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དེ་གནས་སྐོར་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱས་ནས། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་བསྐྲུན་པར་རྐང་ཚའི་སྟོབས་ཤུགས་འབུལ་རྒྱུ་ཡིན།