རྐང་ཚ་རྫོང་གིས་ཞིང་ཕྱུགས་ལས་དཔལ་འབྱོར་བརྟན་ཐོག་སྤུས་འདེགས་བྱུང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་མུ་མཐུད་སྲ་བརྟན་དུ་སོང་།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོ་ནས་བཟུང་། རྐང་ཚ་རྫོང་གིས་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བཀོད་སྒྲིག་དང་གྲོང་གསེབ་དར་སྤེལ་གྱི་སྤྱིའི་དམིགས་འབེན་ལ་དམ་པོར་དམིགས་པ་དང་། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། བརྟན་ཐོག་ཡར་རྒྱས་ཡོང་བ་རྒྱུན་འཁྱོངས་བྱས་པ་དང་། དཔྱིད་ཀྱི་རྨོ་འདེབས་གྲ་སྒྲིག་དང་། ཕྱུགས་རིགས་རིམ་འགོག ཐོན་ནུས་ཆེར་གཏོང་བཅས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཞིང་ཕྱུགས་ལས་དཔལ་འབྱོར་བརྟན་པོའི་སྒོས་མགོ་ཚུགས་ཐུབ་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བཏིང་ཡོད།
དམིགས་ཚད་གཙོ་བོ་འཁོར་སྐྱོད་བརྟན་པོ་བྱུང་བ་དང་འཕེལ་རྒྱས་ཀྱི་ནུས་ཤུགས་རྒྱུན་མཐུད་ངང་མངོན། སྡོམ་རྩིས་བྱས་པ་ལྟར་ན། རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་དང་། ནགས་ཚལ། ཉ་སོགས་ཀྱི་ད་ལྟའི་རིན་གོང་གི་ཐོན་རྫས་རིན་ཐང་སྡོམ་འབོར་སྒོར་ཁྲི2607.91ཟིན་པ་དང་། བསྡུར་གྲངས་ལས་ཐོན་ལས་དང་པོའི་འཕར་ཚད་སྒོར་ཁྲི1433.22ཟིན་ཞིང་། དུས་མཉམ་དང་བསྡུར་ན4.5%འཕར་ཡོད། ཐོན་ལས་འཕེལ་རྒྱས་བརྟན་ཐོག་འཕེལ་རྒྱས་ཕྱིན་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། ཞིང་སྡེའི་གཏན་སྡོད་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར5087ཟིན་ཞིང་། 6.4%འཕར་འདུག ཐོན་ལས་འཕར་ཚད་ལས་མཐོ་བ་དང་། དམངས་ཚིས་གཞི་རྩའི་འགན་ལེན་ནུས་ལྡན་ཡིན་ཞིང་། ཐུན་མོང་ཕྱུག་འགྱུར་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་།
ཕྱུགས་ལས་ཀྱི“རྨང་རྡོའི”ནུས་པ་མངོན་གསལ་དོད་པོ་ཡིན་པ་དང་གྲངས་འཕྲི་སྤུས་འདེགས་ལ་ཕན་འབྲས་ཐོན། ཕྱུགས་རིགས་ཀྱིས་དགུན་སྒྲོལ་དཔྱིད་སྐྱེལ་བ་དང་། མ་མོ་བཙའ་ཚད་དང་ལུ་གུ་གསོ་ཚད་ཀྱི་འགག་རྩའི་དུས་སྐབས་ལ་དམིགས་ནས་ལག་རྩལ་ཞབས་ཞུ་དང་གཟན་རྩྭ་གཟན་ཆས་གྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་། མིག་སྔའི་བར། ནོར་ལུག་གསོ་བའི་མགོ་གྲངས་ཁྲི114.05ཡོད་པ་དང་། ཕྱིར་བཙོང་གྲངས་ཀ་ཁྲི2.58ཡོད། དུས་མཉམ་དང་བསྡུར་ན11.7%འཕར་འདུག “གྲངས་འཕྲི་སྤུས་འདེགས་དང་། ཕྱིར་བཙོང་ཁ་གསབ”ཐུབ་པར་བྱས། དཔྱིད་དུས་ཀྱི་གཅིག་བསྡུས་རིམས་ནད་སྔོན་འགོག་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ནས་རིམས་འགོག་བྱེད་ཚད100%ཟིན་པ་དང་། དྲ་འདྲེན་རྣམ་པའི་ཐོག་ནས་ཁྱོན་ཡོངས་ལ་གྲལ་བཤེར་བྱས་པ་བརྒྱུད་ནས་ཚབས་ཆེ་བའི་སྲོག་ཆགས་ཀྱི་རིམས་ནད་གང་ཡང་མ་བྱུང་བ་དང་། དུས་མཚུངས་ཐོན་གནས་དང་། བཤས་ར། སྐྱེལ་འདྲེན་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོའི་རིམས་འགོག་ཞིབ་བཤེར་ནན་མོ་བྱས་པ་དང་། རིམ་རྩིས་ལྟར་ན་སྒོ་ཕྱུགས་ཁྲི1.73ལ་རིམས་འགོག་ཞིབ་བཤེར་བྱས་ཏེ། ཕྱུགས་རིགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དང་ཕྱིར་འཚོང་ཐབས་ལམ་ཤར་གཏོང་བྱེད་པར་འགན་ལེན་ཏན་ཏིག་བྱས།
རྨོ་འདེབས་གྲ་སྒྲིག་ཇེ་མགྱོགས་སུ་བཏང་ནས་ས་བོན་བཟང་བོ་དང་ཐབས་ཤེས་བཟང་བོ་སྤྱད་པ། ཚན་རིག་དང་མཐུན་པའི་སྒོ་ནས་འདེབས་འཛུགས་གྲུབ་ཆ་ལེགས་སུ་བཏང་ནས་ཞིང་ལས་རྒྱུ་ཆས་སྡེབ་སྐྱེལ་གྱི“མཇུག་མཐའི་སྤྱི་ལེ་གཅིག”ཤར་གཏོང་ཐུབ་པར་བྱས་ཤིང་། རིམ་རྩིས་ལྟར་ན་སོན་བཟང་སྤྱི་རྒྱ་ཁྲི21དང་ལུད་ཏུན210མཁོ་འདོན་བྱས་པ་དང་། སྐྱེ་ལྡན་ལུད་ཏུན5580གཅིག་གྱུར་འཆར་འགོད་ཀྱིས་འདོན་སྤྲོད་བྱས། འབྲུ་སྣུམ་མུའུ་ཁྲི14.11བཏབ་པ་དང་། དེའི་ནང་འབྲུ་རིགས་མུའུ་ཁྲི1.66དང་། འབྲུ་སྣུམ་རྒྱུ་ཆ་མུའུ་ཁྲི10.85 གཟན་རྩྭ་མུའུ་ཁྲི1.58 སྔོ་ཚལ་མུའུ་ཁྲི0.02བཅས་བཏབ་ཡོད། འདེབས་འཛུགས་ལག་རྩལ་དང་ཞིང་ལས་འཕྲུལ་ཆས་བདེ་འཇགས་ཀྱི་གསོ་སྦྱོང་མི་ཐེངས120དང་། ཚན་རྩལ་དཔེ་སྟོན་ཁྱིམ་ཚང30གསོ་སྐྱོང་བྱས་པ་དང་། རོང་འབྲོག་པར“ལག་རྩལ་དང་གྲ་སྒྲིག་ཡོད་པའི་སྒོ་ནས་རྨོ་ཞིང་འདེབས་འཛུགས”བྱེད་དུ་བཅུག
རྣམ་གྲངས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་བསྩལ། 2026ལོར་གྲོང་གསེབ་དར་སྤེལ་གྱི་ཁ་གསབ་མ་དངུལ་སྒོར་ཁྲི4673གཤམ་སྤྲོད་བྱས་པ་དང་། རྣམ་གྲངས17ལག་བསྟར་བྱས་པ་ལས་རྣམ་གྲངས9ལས་མགོ་ཚུགས་པ་དང་ལས་གཞི་འགྲུབ་ཚད53%ཟིན་ཡོད། ནོར་ལུག་རྫོང་ཁག་གཞན་པར་ཕྱིར་འཚོང་བྱས་པའི་རྣམ་གྲངས་མ་དངུལ་སྒོར་ཁྲི349བཏང་བ་དང་། གཏན་འཇགས་གྱི་རིམས་འགོག་ཁབ་ར475བསྐྲུན་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་ཟླ6པའི་ཟླ་དཀྱིལ་དུ་ལས་གཞི་མགོ་འཛུགས་རྒྱུ་ཡིན་པ་རེད། བྲུབ་འགོག་དང་ཆུ་རགས་བཅོས་སྐྱོང་གི་རྣམ་གྲངས་ཁག3ལག་བསྟར་བྱས་པའི་ནང་ནས་རྣམ་གྲངས2ལས་མགོ་ཚུགས་པ་དང་མ་དངུལ་སྒོར་ཁྲི426བཏང་། དབུལ་ཐར་ངལ་རྩོལ་ནུས་ཤུགས་མི1470ལས་ཞུགས་གཞན་སྒྱུར་བྱས་པ་དང་། ལས་ཞུགས་རོགས་སྐྱོབ་ལས་ཤག13གྱིས་མི73ས་གནས་དེ་གའི་ཐག་ཉེ་སར་ལས་ཞུགས་བྱེད་པར་བསྡུས་པ་དང་། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་འབྱུང་བའི་མཐའ་ཚད་བརྟན་པོར་སྲུང་།
རྐང་ཚ་རྫོང་གིས་ཐོན་སྐྱེད་བརྟན་པོ་དང་། རིམས་འགོག་ཤུགས་སྣོན། ཞབས་ཞུ་ལེགས་སུ་གཏོང་བ། རྣམ་གྲངས་དམ་འཛིན་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཕྱུགས་ཀྱི་གྲངས་ཀ་ཉུང་འཕྲི་དང་རྒྱུ་སྤུས་ཇེ་ལེགས། དཔྱིད་ཀའི་རྨོ་འདེབས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྣམ་གྲངས་ཀྱི་སྐུལ་ཁྲིད་ནུས་ལྡན་བཅས་བྱས་ཏེ། རོང་འབྲོང་མང་ཚོགས་ཀྱི་ཡོང་འབབ་འཕར་ཚད་ཐོན་ལས་འཕར་ཚད་ལས་མཐོ་བ་མངོན་འགྱུར་བྱུང་བས། ལོ་ཧྲིལ་བོའི་སྤུས་ཚད་མཐོ་བའི་འཕེལ་རྒྱལ་ལ་རྨང་གཞི་བརྟན་པོ་བཏིང་ཡོད།